ཨ་མདོ་རྫོང་གིས་གློག་བརྒྱུད་གཏོང་ལ་ཆེད་དོན་སྒྱུར་བཀོད་ཤུགས་ཆེན་བྱས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་ཉིན་རེའི་ཚགས་པར། སྤེལ་དུས། 08-11



ཨ་མདོ་རྫོང་གིས་གློག་བརྒྱུད་གཏོང་ལ་ཆེད་དོན་སྒྱུར་བཀོད་ཤུགས་ཆེན་བྱས་པ། 

 

ལས་བྱེད་པ་དང་མང་ཚོགས་ལ“གོང་ཁེའི་གློག”སྤྱོད་རྒྱུ་བྱུང་བ།


         རྒྱལ་ཁབ་དར་རྒྱས་དང་གློག་ལས་དར་རྒྱས་ཕྱིན་པའི་རྒྱབ་ལྗོངས་འོག་འབྲོག་ཁུལ་དུ་གློག་ཤར་གཏོང་ཐུབ་པ་ནི་ཧང་སངས་དགོས་པའི་བྱ་བ་ཞིག་གཏན་ནས་མིན།

        ཡིན་ནའང་རྒྱལ་ཁབ་གློག་དྲའི་གློག་བརྒྱུད་གཏོང་གི་ཆེད་དོན་སྒྱུར་བཀོད་ཀྱི་བཀྲ་ཤིས་པའི་བྱ་བ་དེར་བོད་བྱང་ཐང་གི་ཨ་མདོའི་འབྲོག་པ་མང་ཚོགས་རྣམས་ཧ་ཅང་དགའ་པོ་བྱུང་ཡོད། “གློག་བདེ་འཇགས་ངང་སྤྱོད་རྒྱུ་བྱུང་སོང” “གློག་རིན་ཁེ་པོ་འདུག” “གློག་སྤྱིར་ན་ཆད་ཀྱི་མི་འདུག” ལ་སོགས། སྒྱུར་བཀོད་བྱས་རྗེས་ཀྱི་གློག་སྤྱོད་སྐོར་ལ་མང་ཚོགས་ཚོས་གཏམ་གླེང་མང་པོ་བྱེད་ལ། གོང་ཁེ་ལ་བརྟན་པོ་ཡོད་པའི་གློག་སྤྱོད་ཐུབ་པར་ཧ་ཅང་བློ་ཡིད་ཚིམ་པ་རེད།

        ལོ་མང་རིང་གློག་དཀོན་པ་དང་གློག་བརྟན་པོ་མེད་པ་ནི་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་ལ་འགོག་རྐྱེན་བཟོ་བའི་འགལ་རྐྱེན་ཆེན་པོ་ཞིག་རེད།

        འོ་ན་ཡང་སྙིང་རྒྱུ་མཚན་གང་ཞིག་གིས་རྐྱེན་པས“རྙིང་ཆེ་དཀའ་གསུམ”གྱི་གནད་དོན་དེ་དུས་ཡུན་རིང་པོའི་ནང་ཐག་གཅོད་མ་ཐུབ་པ་རེད་དམ།

        རྒྱལ་ཁབ་གློག་དྲ་ཨ་མདོའི་གློག་མཁོ་འདོན་ཞབས་ཞུ་ལྟེ་གནས་ཀྱི་ལས་དོན་མི་སྣ་ནོར་བུ་བཀྲ་ཤིས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཨ་མདོའི་རྫོང་གྲོང་དུ་མི་འབོར་མང་ལ་ཁུལ་ཆུང་རྙིང་པ་མང་བ་དང་གློག་སྐུད་མང་ཆེ་བ་རྙིང་པར་གྱུར་བའི་ཁར་མང་ཚོགས་ཀྱིས་རང་དགར་གློག་སྐུད་ཁྲིད་པ་སོགས་ཀྱི་སྣང་ཚུལ་ཡོངས་ཁྱབ་ཏུ་གནས་པས་རྟག་ཏུ་གློག་སྐུད་ལ་སྐྱོན་ཤོར་གྱི་ཡོད་པ་རེད།

        བཅར་འདྲི་དང་བརྟག་དཔྱད་བྱས་པ་བརྒྱུད། རྒྱལ་ཁབ་གློག་དྲ་ཨ་མདོའི་གློག་མཁོ་འདོན་ཞབས་ཞུ་ལྟེ་གནས་ཀྱི་ལས་དོན་མི་སྣས་ཆོད་སྡོམ་བཀོད་པར། བཀོལ་སྤྱོད་བདག་སྐྱོང་གི་དོ་དམ་རྗེས་ལུས་དང་གྲོན་བསྡུའི་ལྟ་སྐུལ་དོ་དམ་མི་འདང་བས་བཅོས་སྒྲིག་བྱ་རྒྱུ་དེ་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད་ལ། དེ་ཡང་དག་ཐེར་ཇི་ལྟར་བྱ་དགོས་པ་ནི་འགག་རྩར་གྱུར་ཡོད།

        “སྤྱིའི་ཆ་ནས་གོམ་སྟབས་གཉིས་སུ་ཕྱེ་དགོས” རྒྱལ་ཁབ་གློག་དྲ་ཨ་མདོའི་གློག་མཁོ་འདོན་ཞབས་ཞུ་ལྟེ་གནས་ཀྱི་འགན་འཁུར་བ་ཆོས་རྒྱལ་གྱིས“གོམ་སྟབས་དང་པོར་གློག་སྐུད་རྙིང་པར་ཁྱོན་ཡོངས་ནས་སྒྱུར་བཀོད་བྱས་ཏེ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གཏན་འགོག་བྱེད་པ་དང་། གོམ་སྟབས་གཉིས་པར‘དུད་ཚང་རེར་གློག་གི་ཆུ་ཚོད་རེ’དགོས་ཤིང་། རྒྱལ་ཁབ་གློག་དྲ་ནས་ཐད་ཀར་གློག་མཁོ་འདོན་མི་ཐུབ་པའི་དུད་ཚང་རྒྱལ་ཁབ་གློག་དྲར་བཅུག་སྟེ་དུད་ཚང་ལ་ཞབས་འདེགས་ཞུ་བ་དང་། གློག་རིན་དུད་ཚང་ནས་བསྡུ་བ། རིན་བསྡུའི་བར་བརྒྱུད་མེད་པར་བཟོ་བ་བཅས་རེད། རྒྱལ་ཁབ་ཀྱིས“གློག་དྲའི་ལྷུ་ཚིགས་ཀྱི་གྲོན་བསྡུ་དང་གློག་གཏོང་དང་གློག་སྒྱུར་གྱི་རིན་གོང་དམའ་རུ་གཏོང་དགོས་པ”དང“གློག་མཁོ་འདོན་སོགས་རྨང་གཞིའི་སྒྲིག་བཀོད་ལེགས་སུ་གཏོང་དགོས”པའི་བླང་བྱ་བཏོན་ཡོད། “ང་ཚོས་གློག་བརྒྱུད་གཏོང་གི་ཆེད་དོན་བཅོས་སྒྲིག་བྱས་ནས་སྤྱོད་མཁན་གྱིས་རྒྱལ་ཁབ་ཀྱི་གློག་རིན་སྲིད་ཇུས་ཀྱི་ཁེ་སྤོགས་དངོས་སུ་ལོངས་སྤྱོད་ཐུབ་པ་བྱེད་པ་ནི་དམངས་འཚོ་འགན་ལེན་བྱ་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཛུབ་སྟོན་གལ་ཆེན་དོན་འཁྱོལ་བྱེད་པའི་བྱེད་ཐབས་ནུས་ལྡན་ཞིག་རེད”ཅེས་བཤད།

        རྒྱལ་ཁབ་གློག་དྲ་ཨ་མདོ་གློག་མཁོ་འདོན་ཞབས་ཞུ་ལྟེ་གནས་ཀྱིས་ཨ་མདོ་རྫོང་གི་འཕེལ་སྒྱུར་ཨུ་ལྷན་དང་། ཁྲོམ་ར་ལྟ་འདོམས་ཅུས། སྡོད་ཁང་འཛུགས་སྐྲུན་ཅུས་སོགས་སྡེ་ཚན་དང་འབྲེལ་གཏུག་ཧུར་ཐག་བྱས་ནས་ཨ་མདོ་རྫོང་གྲོང་གི་གློག་བརྒྱུད་གཏོང་གི་གནད་དོན་ལ་ཁྱོན་ཡོངས་ནས་གྲལ་བཤེར་བྱས་པ་དང་། ཡུན་རིང་མ་སོང་བར་བརྟག་ཞིབ་བྱས་འབྲས་ལ་གཞིགས་ནས་བཟོས་པའི་དག་ཐེར་ཇུས་གཞི་དང་དེ་བཞིན་རྣམ་གྲངས་ཀྱི་གྲོན་དངུལ་སྒོར་ཁྲི་2500ལྷག་ཙམ་དུས་ཐོག་ཏུ་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀུང་སི་ནས་གཤམ་སྤྲོད་བྱས་ཏེ། ཨ་མདོ་རྫོང་མི་དམངས་ཀྱིས་རེ་སྒུག་ཆེན་པོ་བྱེད་པའི་གློག་དྲ་སྒྱུར་བཀོད་ལས་དོན་ཁྱོན་ཡོངས་ནས་སྤེལ་འགོ་ཚུགས་པ་རེད།

        རྒྱལ་ཁབ་གློག་དྲ་ཨ་མདོ་གློག་མཁོ་འདོན་ཞབས་ཞུ་ལྟེ་གནས་ཀྱི་ལས་དོན་མི་སྣས་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད་ཁུལ་ཆུང་ཁག་གི་གློག་དྲ་སྒྱུར་བཀོད་ལ་གང་མགྱོགས་སྐུལ་འདེད་ཐུབ་ཡོད།

        མང་ཚོགས་ཀྱིས“བདེ་འཇགས་གློག”དང“གོང་ཁེ་བའི་གློག”གང་མགྱོགས་སྤྱོད་ཐུབ་ཆེད། མི་སྣ་དཀོན་པའི་གནས་ཚུལ་འོག རྒྱལ་ཁབ་གློག་དྲ་ཨ་མདོའི་གློག་མཁོ་འདོན་ཞབས་ཞུ་ལྟེ་གནས་ཀྱིས་ས་བབ་མཐོ་བ་སོགས་ཀྱི་དཀའ་ངལ་ཁྱད་བསད་བྱས་ནས་ཉིན་མཚན་དབྱེར་མེད་དུ་ཕྱི་ནང་ལས་སྒྲུབ་ཟུང་འབྲེལ་བྱས་པས་སྤུས་འབོར་གཉིས་ལྡན་གྱི་སྒོ་ནས་ཁག་གོང་མ་གཉིས་ཀྱི་ལས་ཀའི་ལས་འགན་ལེགས་གྲུབ་ཐུབ་པ་རེད། མིག་སྔའི་བར་ཨ་མདོ་རྫོང་གྲོང་གི་ཁུལ་ཆུང་བཅུ་གྲངས་དང་བྲག་སྨུག་གྲོང་རྡལ་གྱི་གློག་བརྒྱུད་གཏོང་གི་སྒྱུར་བཀོད་ལས་དོན་ཚང་མ་ལེགས་གྲུབ་ཟིན་ནས་དུད་ཚང་1500ལྷག་ཙམ་ལ་ཕན་པ་ཐོབ་ཡོད་པ་རེད།

        “ཏུའུ་རེར་སྒོར་0.49ཡིན་པའི་རྒྱལ་ཁབ་ཀྱི་ཚད་གཞིའི་གློག་རིན་གཞི་ནས་ལོངས་སྤྱོད་ཐུབ་བྱུང་། ད་ཆ་ཕྱིར་བསྐྱོད་མི་དགོས་པར་གློག་རིན་འཇལ་ཐུབ་པས་ཧ་ཅང་སྟབས་བདེ་པོ་འདུག”གློག་བརྒྱུད་གཏོང་བྱེད་མི་དགོས་པར་གོང་ཁེའི་གློག་སྤྱོད་ཐུབ་པས་ཡུལ་མི་ཡོན་ཏན་ཧ་ཅང་དགའ་པོ་བྱུང་བ་མ་ཟད། བུ་མོ་ལྷག་སྒྲོན་ལའང་ཁ་པར་ཐོག་ནས་གསར་འགོད་པར་ལས་སྒོ་གཉེར་བའི་བརྒྱུད་རིམ་སྟོན་དུ་བཅུག་པ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1