ཞིང་ཆེན་ལུས་རྩལ་འགྲན་ཚོགས་འཚོག་འགོ་ཚུགས།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 08-11


 


    སྤྱི་ཟླ8པའི་ཚེས8ཉིན་གྱི་དགོང་མོ། སི་ཁྲོན་ཞིང་ཆེན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པ་ལེ་ཧྲན་གྲོང་ཁྱེར་ཨོ་རྩལ་ལྟེ་གནས་ཀྱི་ལུས་རྩལ་ཐང་དུ་གཟབ་རྒྱས་ངང་འཚོགས། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་སོ་སོ་ནས་ཡོང་བའི་ལུས་རྩལ་པ་ལེ་ཧྲན་དུ་འཛོམས་ཤིང་། དཀར་མཛེས་ཁུལ་གྱིས་ད་ཐེངས་ལུས་རྩལ་པ185མངགས་ནས་སྦེ་ག་དང་འབོལ་ཇུས། ཁུ་ཚུར། མཆོང་རྒྱུག་འཕེན་གསུམ། སླེ་གྲུག། རྐང་གྲུག། འཕེན་འཕང་སྤོ་ལོ། ལྗིད་འདེགས། དྲག་རྩལ་སོགས་འགྲན་སྡུར་གྱི་རྣམ་གྲངས་ཆེན་པོ9ཡི་འགྲན་སྡུར་ནང་ཞུགས་ཡོད་པ་རེད། སྤྱི་ཟླ8པའི་ཚེས16ཉིན་ལ་ཞིང་ཆེན་ལུས་རྩལ་འགྲན་ཚོགས་མཇུག་གྲོལ་རྒྱུ་ཡིན་པ་རེད།

 


   འགོ་ཚུགས་མཛད་སྒོ་མ་འཚོག་གོང་སྐབས་འདིའི་ཞིང་ཆེན་ལུས་རྩལ་འགྲན་ཚོགས་ཀྱི་གཞོན་ནུ་ལོ་ཆུང་གི་ལུས་རྩལ་རྣམ་གྲངས་དང་མང་ཚོགས་ཀྱི་ལུས་རྩལ་རྣམ་གྲངས་རིགས་ཆེ་གྲས་གཉིས་ཀྱི་འགྲན་ཚན་མང་པོའི་མཇུག་གྲོལ་ཡོད། གསར་འགོད་པས་གསར་འགྱུར་གཏོང་སྐབས་དཀར་མཛེས་ཁུལ་གྱི་འཐུས་མི་ཚོགས་པས་གསེར་གྱི་རྟགས་མ3དང་དངུལ་གྱི་རྟགས་མ4དང་། ཟངས་ཀྱི་རྟགས་མ11བཅས་རག་པ་དང་། བྱ་དགའ་ཁྱོན་བསྡོམས18ཐོབ་ཅིང་ཨང་གྲལ19པར་གནས་ཡོད་ལ་མེ་ཧྲན་གྲོང་ཁྱེར་གྱི་འཐུས་མི་ཚོགས་པའི་རྗེས་ལ་ཡོད།



 

 

     ཞིང་ཆེན་ལུས་རྩལ་འགྲན་ཚོགས་ནི་ལུས་རྩལ་རྗེས་གྲབས་ཤེས་ལྡན་མི་སྣ་ཕུལ་བྱུང་སྔོག་འདོན་དང་གསོ་སྐྱོང་བྱེད་པའི་གྲབས་སྦྱོང་བྱ་ཡུལ་ཞིག་ཡིན་པར་མ་ཟད། སི་ཁྲོན་གྱི་ལུས་རྩལ་སྟོབས་ཆེན་གྱི་ཞིང་ཆེན་བསྐྲུན་པའི་གཡུར་ཟའི་གྲུབ་འབྲས་གཅིག་སྡུད་ཐོག་མངོན་པར་བྱེད་པའི་གར་སྟེགས་ཆེན་པོ་ཞིག་ཀྱང་རེད། རང་ཁུལ་གྱིས་ད་རེས་ཀྱི་གོ་སྐབས་ལ་མཐོང་ཆེན་བྱེད་ཀྱི་ཡོད། དུས་འགོའི་འགྲན་སྡུར་རྣམ་གྲངས་ལ་བལྟས་ན། རང་ཁུལ་གྱི་འཐུས་མི་ཚོགས་པས་སྐབས་འདིའི་ཞིང་ཆེན་ལུས་རྩལ་འགྲན་ཚོགས་ཀྱི་རྩལ་འགྲན་ཆུ་ཚད་དེ་སྐབས་གོང་མ་ལས་ཚད་མཐོ་རུ་ཕྱིན་ཡོད། ཁུལ་ལུས་རྩལ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཧོང་ཅན་ཀུའོ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། སྦེ་ག་ནི་དཀར་མཛེས་ཁུལ་གྱི་རྩལ་འགྲན་ལུས་རྩལ་གྱི་ལེགས་ཆའི་རྣམ་གྲངས་ཤིག་ལ་གྱུར་ཡོད་ཅིང་། ད་ཐེངས་རང་ཁུལ་གྱི་འཐུས་མི་རུ་ཁག་ལ་གསེར་གྱི་རྟགས་མ2དང་དངུལ་གྱི་རྟགས་མ3དང་། ཟངས་ཀྱི་རྟགས་མ8བཅས་རག་པ་དང་། ཨང5པ་ནས་ཨང8པའི་བར་ཁྱོན་བསྡོམས་མི11ཡོད་ལ་འགྲན་ཚན་འདིའི་འགྲན་སྡུར་ལས་རྒྱལ་ཁ་ཆེན་པོ་ཐོབ་ཡོད། གཞན་ཡང་ལྗིད་འདེགས་འགྲན་སྡུར་ལ་གསེར་གྱི་རྟགས་མ1དང་ཟངས་ཀྱི་རྟགས་མ1དང་། ཨང་བཞི་པ1བཅས་ཐོབ་པ་དང་། ཁུ་ཚུར་འགྲན་སྡུར་ལ་དངུལ་གྱི་རྟགས་མ1དང་ཟངས་ཀྱི་རྟགས་མ2རག་ཡོད་པ་རེད།


 

 


      ཤེས་རྟོགས་བྱུང་བར་གཞིགས་ན། རང་ཁུལ་གྱིས་མ་དངུལ་སྒོར་ཁྲི960བཏང་ནས་ཁུལ་ཡོངས་ཀྱི་ཡུལ་ཤོག་དང་གྲོང་རྡལ48ལ་སྨི་གྲུ་བཞི་མ700ཡི་ནུས་མང་དམངས་ཡོངས་ཀྱི་ལུས་སྦྱོང་ལུས་རྩལ་ཐང་བསྐྲུན་ཞིང་། ལུས་རྩལ་སྒྲིག་ཆས་དཀོན་པའི་རྫོང་ལ་ལུས་རྩལ་ཁང་བསྐྲུན་པར་སྐུལ་འདེད་བཏང་སྟེ། ལོ3ནང་འབྲེལ་ཡོད་ཚད་གཞི་ལྟར་ལུས་རྩལ་ཐང(ཁང)དང་དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོའི་ལྟེ་གནས24བསྐྲུན་པ་དང་ཆབས་ཅིག། ཁུལ་ཡོངས་ཀྱི་ཡུལ་ཤོག་དང་གྲོང་རྡལ289ཡི་གྲོང་སྡེ2181ལ་དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོ་སྤེལ་བ་དང་། དམངས་ཁྲོད་ཀྱི་ལུས་སྦྱོང་རུ་ཁག་སྐྱེད་སྲིང་བྱས་ཤིང་། སྐོར་བྲོ་དང་འབའ་གཞས། ཞབས་བྲོ་སོགས་ཀྱི་མི་རིགས་ཞབས་བྲོའི་ཡིད་དབང་འཕྲོག་ཤུགས་དང་རྒན་རྒོན་གྱི་ཐང་ཆེན་ཞབས་བྲོའི་གསོན་ཤུགས་མངོན་པར་མ་ཟད། ལུས་རྩལ་དེ་འབྲིང་རྒྱུགས་ཀྱི་ལེ་ཚན་ནང་བཅུག་པ་དང་། གཞོན་ནུ་ལོ་ཆུང་གི་རྒྱལ་སྤྱིའི་ལུགས་ཀྱི་སྦེ་ག་དང་འབོལ་ཇུས། མཆོང་རྒྱུག་འཕེན་གསུམ་གྱི་གསོ་སྦྱོང་མ་ལག་བཙུགས་ནས་ནུས་ཤུགས་ཡོད་རྒུས་དཀར་མཛེས་ཁུལ་གྱི་དམངས་ཡོངས་ལུས་སྦྱོང་གི་རྣམ་པ་བཟང་པོ་བཏོད་པ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1