གཟི་ཚ་སྡེ་དགུས་ཡུལ་སྐོར་4ལ་ཆད་པ་བཅད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 08-12



    ཚེས་7ཉིན་གྱི་ཕྱི་དྲོ་དྲ་གྲོགས་ཤིག་གིས་དྲ་ཐོག་ཏུ“རྔ་བ་ཁུལ་གཟི་ཚ་སྡེ་དགུའི་ཆུ་ནང་དུ་ཡུལ་སྐོར་བ་བཞིས་རྐང་རྗེན་བྱས་ནས་པར་བརྒྱབ་པའི”བརྙན་ཐུང་ཞིག་བཏང་བར་དྲ་གྲོགས་ཀུན་གྱིས་དོ་ཁུར་ཆེན་པོ་བྱས་པ་རེད། 

བརྙན་ཐུང་དེའི་ནང་དུ། གཟི་ཚ་སྡེ་དགུའི་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བ་ཁ་ཤས་རྐང་རྗེན་མར་ཆུ་ནང་དུ་རྩེད་མོ་རྩེ་ཞོར་པར་རྒྱག་བཞིན་འདུག་ཅིང་། ཡུལ་སྐོར་བ་གཞན་དག་གིས་ཆུ་འགྲམ་ནས་ལྟ་སྐོར་བྱེད་ཀྱི་ཡོད།  

དྲ་གྲོགས་མི་ཉུང་བ་ཞིག་གིས་གནས་དེ་ནི་འཛམ་གླིང་གི་རང་བྱུང་ཤུལ་བཞག་རེད།  ཆུའི་སྤུས་ཚད་ལ་གཏོར་སྐྱོན་བཏང་བ་དེ་ལོ་ག་ཚོད་ཙམ་གྱིས་ད་གཟོད་སླར་གསོ་ཐུབ་པ་རེད་ཅེས་བཤད་བཞིན་ཡོད།    

   མི་4ལ་སྲིད་འཛིན་གྱི་ཆད་པ་བཅད་པར་མ་ཟད། ཡོངས་བསྒྲགས་སུ་དགོངས་དག་ཞུ་རུ་བཅུག་ཡོད། 

   ཚེས་9ཉིན། གཟི་ཚ་སྡེ་དགུའི་མཛེས་ལྗོངས་ཁུལ་དོ་དམ་ཅུས་ཀྱིས་ཟླ་8ཚེས་7ཉིན་གཟི་ཚ་སྡེ་དགུའི་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བ་བཞི་རང་དགར་ཡུལ་སྐོར་འགྲོ་ལམ་ནས་བྲལ་ཏེ་ཆུ་ནང་དུ་བབས་པ་རེད། དོན་དག་དེ་བྱུང་རྗེས། གཟི་ཚ་སྡེ་དགུའི་མཛེས་ལྗོངས་ཁུལ་དོ་དམ་ཅུས་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ནས་འབྲེལ་ཡོད་ཁྲིམས་འཛིན་ལས་ཁུངས་དང་མཉམ་དུ་ཁྲིམས་ལྟར་བརྟག་དཔྱད་བྱས་པ་མ་ཟད། ཟུང་ཆུ་རྫོང་ཁོངས་ནས་ཡུལ་སྐོར་བ་བཞི་པོ་རྙེད་པ་རེད། 

   བརྟག་དཔྱད་བྱས་པ་བརྒྱུད། ཡུལ་སྐོར་བ་བཞི་པོས་རང་འདོད་ལྟར་ཡུལ་སྐོར་འགྲོ་ལམ་ནས་བྲལ་ཏེ། ཆུ་ནང་ལ་རྐང་རྗེན་དུ་སོང་བ་དེ་ནི། 《རྔ་བ་བོད་རིགས་དང་ཆའང་རིགས་རང་སྐྱོང་ཁུལ་གྱི་མཛེས་ལྗོངས་ཁུལ་གྲགས་ཅན་གྱི་སྲོལ་ཡིག》གི་དོན་ཚན་ཉེར་བདུན་པའི་ནང་གསེས་དོན་ཚན་བདུན་པའི་གཏན་འབེབས་དང་འགལ་ཡོད་པས། 《རྔ་བ་བོད་རིགས་དང་ཆའང་རིགས་རང་སྐྱོང་ཁུལ་གྱི་མཛེས་ལྗོངས་ཁུལ་གྲགས་ཅན་གྱི་སྲོལ་ཡིག》གི་དོན་ཚན་ཞེ་དྲུག་པར་གཞིགས་ཏེ། གཟི་ཚ་སྡེ་དགུའི་མཛེས་ལྗོངས་ཁུལ་དོ་དམ་ཅུས་ཀྱིས་ཁྲིམས་ལྟར་སྲིད་འཛིན་གྱི་ཆད་པ་བཅད་པ་རེད། ཡུལ་སྐོར་བ་བཞི་པོས་གནད་དོན་གྱི་ཚབས་ཆེན་རང་བཞིན་ལ་ངོས་འཛིན་བྱས་ནས་རང་སྐྱོན་རང་བརྟག་དང་ཆད་པ་དང་ལེན་བྱས་པ་མ་ཟད། ཡིག་ཐོག་ནས་དགོངས་དག་ཞུས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1