ཞི་ཅིན་ཕིང་གིས“ཀྲུང་གོའི་མི་བཟང”འདི་གཉིས་ལ་འཕྲིན་ལན་སྤྲིངས་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། སྤེལ་དུས། 08-16



         སྤྱི་ཟླ་8པའི་ཚེས་13ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨན་ཧུའེ་ཧོང་ཧྲན་མཛེས་ལྗོངས་ཁུལ་གྱི་ལས་དོན་མི་སྣ་ལི་ཕེ་ཧྲེང་དང་ཧུའུ་ཞའོ་ཁྲུན་གཉིས་ལ་འཕྲིན་ལན་སྤྲིངས་གནང་ནས། ཁོང་གཉིས་ནས་མུ་མཐུད་དེ“ཀྲུང་གོའི་མི་བཟང”གི་མིག་དཔེའི་ནུས་པ་འདོན་སྤེལ་བྱ་རྒྱུའི་ཐུགས་རེ་ནན་པོ་གནང་ཡོད།

        ཞི་ཅིན་ཕིང་གིས་འཕྲིན་ལན་ནང་། ཁྱེད་ཚོས་ལོ་མང་རིང་རི་ཁྲོད་དུ་ཁོར་ཡུག་ལ་གཙང་སྦྲ་བྱེད་པ་དང་། རྒྱུན་དུ་མགྲོན་བསུའི་ཐང་ཤིང་ལ་ལྟ་སྐྱོང་བྱེད་པ། བརྩེ་བ་ཟབ་མོས་མཛེས་སྡུག་ལྡན་པའི་ཧོང་ཧྲན་སྲུང་སྐྱོབ་བཅས་བྱས་ཡོད་ཅིང་། དེའི་ཐོག་ནས་ལས་བཀུར་ལེགས་སྐྱེས་ཀྱི་སྙིང་སྟོབས་གང་ལེགས་མངོན་ཡོད་ཅེས་བསྟན་ཡོད།

        ཞི་ཅིན་ཕིང་གིས་འཕྲིན་ལན་ནང་། “ཀྲུང་གོའི་མི་བཟང”གི་རྩ་ཆེ་ཤོས་ནི་སྤྱིར་བཏང་གི་ལས་ཀའི་ཁྲོད་དུ་སྤྱིར་བཏང་མིན་པའི་བྱས་རྗེས་འཇོག་པ་དེ་ཡིན། ཁྱེད་ཚོས་མུ་མཐུད་ནས་མིག་དཔེའི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ། བདེན་བཟང་མཛེས་གསུམ་ཁྱབ་སྤེལ་དང་། དྲང་ནུས་སྟོབས་ཤུགས་བརྒྱུད་སྤྲོད་ཧུར་ཐག་བྱེད་པ། ཉེ་འགྲམ་གྱི་མི་སྔར་ལས་མང་བ་ཡར་ཐོན་ཡར་བརྩོན་བྱ་རྒྱུར་སྐུལ་ཁྲིད་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་གཏོང་བ། སྤྱི་ཚོགས་ཀྱི་སྤྱི་དམངས་ཡག་པོ་ཞིག་དང་། ལས་ཁུངས་ཀྱི་ལས་མི་ཡག་པོ་ཞིག ཁྱིམ་ཚང་གི་ཁོངས་མི་ཡག་པོ་ཞིག་བཅས་བྱ་རྒྱུའི་བརྩོན་ལེན་བྱེད་པ་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱ་ཆེད་རང་ཉིད་ཀྱི་ནུས་པ་འདོན་སྤེལ་བྱ་རྒྱུའི་རེ་བ་ཡོད་ཅེས་བསྟན་འདུག

        སྤྱི་ལོ་2008ལོ་ནས་བཟུང་། ཀྲུང་དབྱང་ཤེས་དཔལ་གཞུང་ལས་ཁང་གིས་དྲ་བའི་ཐོག“ངས་ཉེ་འགྲམ་གྱི་མི་བཟང་འོས་སྦྱོར་དང་དཔྱད་བསྡུར་བྱེད”ཅེས་པའི་བྱེད་སྒོ་སྤེལ་ཡོད་ཅིང་། ད་བར“ཀྲུང་གོའི་མི་བཟང”སྐབས་150ཁྱབ་བསྒྲགས་བྱས་པ་དང་། ཁྱོན་མི་གྲངས་16228“ཀྲུང་གོའི་མི་བཟང”ནང་བདམས་ཐོན་བྱུང་ཡོད་ཅིང་། ལི་ཕེ་ཧྲེང་དང་ཧུའུ་ཞའོ་ཁྲུན་གཉིས་ནས་ཧོང་ཧྲན་མཛེས་ལྗོངས་ཁུལ་དུ་ཁག་སོ་སོར་ཁོར་ཡུག་སྲུང་སྐྱོབ་དང་གཙང་སྦྲ། མགྲོན་བསུའི་ཐང་ཤིང་ལ་ལྟ་སྐྱོང་བྱེད་པ་སོགས་ཀྱི་ཕྱག་ལས་གནང་གི་ཡོད་ཅིང་། སྤྱི་ལོ་2012ལོ་དང་2021ལོར་སྔ་རྗེས་སུ་ལས་བཀུར་ལེགས་སྐྱེས་ཁོངས་གཏོགས་ཀྱི“ཀྲུང་གོའི་མི་བཟང”ནང་བདམས་ཐོན་བྱུང་ཡོད། ཉེ་ཆར། ལི་ཕེ་ཧྲེང་དང་ཧུའུ་ཞའོ་ཁྲུན་རྣམ་གཉིས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས། ལས་ཀའི་གནས་ཚུལ་དང་བསམ་ཚུལ་སྙན་སེང་ཞུས་པ་དང་། མཛེས་སྡུག་ལྡན་པའི་ཧོང་ཧྲན་རི་བོར་ལྟ་སྐྱོང་དང་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱ་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་ཆོད་སེམས་མངོན་པར་བྱས་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1