ཧན་གོ་དང་ཨ་མེ་རི་ཁས་མཉམ་འབྲེལ་དམག་དོན་སྦྱོང་བརྡར་གྱི་གྲ་སྒྲིག་སྦྱོང་བརྡར་སྤེལ་མགོ་བརྩམས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 08-18


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧན་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱི་དམག་དཔུང་གིས་ཚེས་བཅུ་དྲུག་ཉིན་ནས་བཟུང་དུས་ཡུན་ཉིན་བཞིའི་རིང་གི་ཉམས་ཉེན་དོ་དམ་སྦྱོང་བརྡར་སྤེལ་ཏེ། ལོ་སྨད་ཀྱི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་ལ་གྲ་སྒྲིག་བྱེད་རྒྱུ་རེད། 

        ཧན་གོའི་དམག་ཕྱོགས་ཀྱིས་བསྒྲགས་པ་ལྟར་ན། ཉམས་ཉེན་དོ་དམ་སྦྱོང་བརྡར་ནི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་གྱི་གྲ་སྒྲིག་སྦྱོང་བརྡར་ཡིན་ཞིང་། སྦྱོང་བརྡར་དེ་ཁྲའོ་ཞན་ཕྱེད་གླིང་དུ་འཐབ་འཁྲུག་བྱུང་བའི་སྣང་ཚུལ་ལ་ལད་མོ་བྱས་ཡོད་པ་དང་། ཧན་གོ་དང་ཨ་མེ་རི་ཁའི་དམག་དཔུང་གིས་ཉམས་ཉེན་དོ་དམ་གྱི་གོ་རིམ་ཇི་ལྟར་ཁོང་དུ་ཆུད་ནས་ཉམས་ཉེན་དེ་འཐབ་འཁྲུག་ཏུ་འགྱུར་བར་སྔོན་འགོག་བྱེད་རྒྱུ་རེད། ཉམས་ཉེན་དོ་དམ་སྦྱོང་བརྡར་མཇུག་སྒྲིལ་རྗེས། ཧན་གོ་དང་ཨ་མེ་རི་ཁའི་དམག་དཔུང་གིས་ཟླ་འདིའི་ཚེས་ཉེར་གཉིས་ཉིན་ནས་བཟུང་མཉམ་འབྲེལ་དམག་དོན་སྦྱོང་བརྡར་མགོ་རྩོམ་རྒྱུ་རེད། 

        གཞན་ཡང་ཧན་གོའི་རྒྱལ་སྲུང་པུའུ་ཡིས་བསྒྲགས་པ་ལྟར་ན། ཧན་གོ་དང་ཨ་མེ་རི་ཁས་ཟླ་འདིའི་ཚེས་ཉེར་གཉིས་ཉིན་ནས་ཟླ་དགུ་བའི་ཚེས་གཅིག་ཉིན་བར་ལག་བསྟར་བྱེད་རྒྱུ་ཡིན་པའི་ལོ་སྨད་ཀྱི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་ལ་ཡེ་ཀྲི་རང་དབང་གི་ཕུབ་ཅེས་པའི་མིང་གསར་བ་ཞིག་བཀོལ་རྒྱུ་ཡིན་པ་དང་། དེ་ནི་ལོ་རེ་བཞིན་སྤེལ་བའི་འགོག་སྲུང་རང་བཞིན་གྱི་དམག་དོན་སྦྱོང་བརྡར་ཡིན་པ་རེད། ཐེངས་འདིའི་དམག་དོན་སྦྱོང་བརྡར་ནས་སྲིད་གཞུང་གི་སྦྱོང་བརྡར་དང་དམག་དོན་སྦྱོང་བརྡར་མཉམ་དུ་སྤེལ་ནས། རྒྱལ་ཁབ་ཀྱི་སྤྱིའི་འཐབ་འཛིང་ནུས་པ་མཐོར་འདེགས་བྱེད་རྒྱུ་རེད། 

        ཁྲའོ་ཞན་གྱིས་ནམ་རྒྱུན་ཧན་གོ་དང་ཨ་མེ་རི་ཁའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་དེ་ཁྲའོ་ཞན་དགྲ་རུ་འཛིན་པའི་འཇིགས་སྐུལ་རང་བཞིན་གྱི་བྱ་སྤྱོད་ཅིག་ཏུ་རློམ་བཞིན་ཡོད། ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་ཅིན་ཀྲིན་ཨིན་གྱིས་ཟླ་བདུན་པའི་ཚེས་ཉེར་བདུན་ཉིན་བསྟན་དོན། གལ་ཏེ་ཧན་གོའི་སྲིད་གཞུང་གིས་ལག་སྔ་བརྩད་དེ་ཚུར་རྒོལ་བྱེད་པ་སོགས་ཉེན་ཁའི་བྱ་སྤྱོད་གང་རུང་སྤེལ་ན་རྨེག་མེད་དུ་འཇོམས་པའི་མཇུག་འབྲས་འབྱུང་སྲིད། ཁོས་བཤད་རྒྱུར། ཁྲའོ་ཞན་གྱི་དྲག་ཆས་དམག་དཔུང་གིས་ཉམས་ཉེན་གང་རུང་ཐག་གཅོད་བྱེད་པར་གྲ་སྒྲིག་གང་ལེགས་བྱས་ཡོད་ཟེར། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1