ཏོག་གསར་གློ་ཚད་ཕོག་མཁན་སོཊ་ལ་མཐོང་ཆུང་བྱ་མི་རུང་ཞེས་བསྟན་འདུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 08-19



སྡེ་ཚན་གཉིས་ཀྱིས་སྲིད་འཛིན་ཁྲིམས་འཛིན་མཉམ་འགུལ་ལ་ཤུགས་སྣོན་བརྒྱབ་ནས་ཏོག་གསར་གློ་ཚད་དྲག་སྐྱེད་བྱུང་མཁན་གྱི་འདྲ་མཉམ་ལས་ཞུགས་དབང་ཆར་འགན་ལེན་བྱ་རྒྱུ། 

  


       མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་སྤྱི་ཚེས་16ཉིན“སྲིད་འཛིན་ཁྲིམས་འཛིན་མཉམ་འགུལ་ལ་ཤུགས་སྣོན་བརྒྱབ་ནས་ཏོག་གསར་གློ་ཚད་དྲག་སྐྱེད་བྱུང་མཁན་སོགས་ངལ་རྩོལ་པའི་འདྲ་མཉམ་ལས་ཞུགས་དབང་ཆར་འགན་ལེན་བྱ་རྒྱུའི་སྐོར་གྱི་བརྡ་ཐོ”ཁྱབ་བསྒྲགས་བྱས་ནས། ཏོག་གསར་གློ་ཚད་དྲག་སྐྱེད་བྱུང་མཁན་སོགས་ངལ་རྩོལ་པར་མཐོང་ཆུང་བྱེད་མི་ཆོག་པ་དང་། ལས་ཞུགས་མཐོང་ཆུང་གི་གྱོད་གཞི་ཞིབ་གཅོད་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་བཀོད་སྒྲིག་བྱས་ཡོད་པ་རེད།

       བརྡ་ཐོའི་ནང་། མི་སྤྱོད་ཚན་པས་ཏོག་གསར་གློ་ཚད་དྲག་སྐྱེད་བྱུང་མཁན་སོགས་ངལ་རྩོལ་པར་ལས་ཞུགས་ཐད་ལ་མཐོང་ཆུང་བྱེད་པ་དང་རང་དགར་ཏོག་གསར་གློ་ཚད་ནད་དུག་གི་ཉིང་སྐྱུར་ཞིབ་དཔྱད་བྱས་འབྲས་ལ་ཁྲིམས་འགལ་ངང་འདྲི་རྩད་བྱས་ཚེ། ངལ་རྩོལ་པས་འདྲ་མཉམ་ལས་ཞུགས་དབང་ཆ་དང་མི་སྒེར་གྱི་ཆ་འཕྲིན་ཁེ་དབང་ལ་གནོད་འཚེ་གཏོང་བ་སོགས་རྒྱུ་མཚན་དུ་བྱས་ནས་ཁྲིམས་ལྟར་མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་བྱེད་ཆོག གྱོད་དོན་གྱི་དོན་དངོས་གསལ་པོ་ཡིན་པ་དང་བཅའ་ཁྲིམས་ཀྱི་འབྲེལ་བ་ཁ་གསལ་ཡིན་པའི་ལས་ཞུགས་མཐོང་ཆུང་གི་གྱོད་དོན་ལ་མི་དམངས་ཁྲིམས་ཁང་གིས་དྲང་གཞག་འགན་ལེན་ཏན་ཏིག་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག ཁྲིམས་འཛིན་སྲུང་སྐྱོང་གི་ལས་ཕྱོད་ཆེ་རུ་བཏང་སྟེ། མྱུར་ཐོ་འགོད་པ་དང་། མྱུར་བཤེར། མྱུར་སྒྲུབ་བཅས་བྱ་དགོས་ཞེས་བཏོན་ཡོད།

        ངལ་རྩོལ་པས་མི་དམངས་ཁྲིམས་ཁང་ལ་བརྟག་དཔྱད་བྱ་རྒྱུ་དང་དཔང་རྟགས་ལེན་རྒྱུའི་རེ་བ་ཞུས་ཚེ། མི་དམངས་ཁྲིམས་ཁང་གིས་ཁྲིམས་འཁོད་ཀྱི་ཆ་རྐྱེན་དང་མཐུན་པའི་རེ་ཞུར་ཧུར་བརྩོན་དང་རང་འགུལ་ངང་བརྟག་དཔྱད་བྱ་རྒྱུ་ཡིན། གྱོད་དོན་ཞིབ་གཅོད་ཁྲོད། མི་དམངས་ཁྲིམས་ཁང་གིས་དོ་བདག་གི་བདེན་དཔང་འདོན་སྤྲོད་བྱེད་ནུས་ལ་བསམ་བློ་གང་ལེགས་བཏང་སྟེ། དྲང་བདེན་ཡིད་རྟོན་དང་དྲང་གཞག་གི་རྩ་དོན་ལྟར་བདེན་དཔང་འདོན་སྤྲོད་བྱེད་པའི་འགན་འཁྲི་བགོ་བཤའ་ལུགས་མཐུན་བྱས་ཏེ། ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་ལ་དགོས་ངེས་ཀྱི་སྲུང་སྐྱོབ་ཐོབ་པ་བྱ་རྒྱུ་རེད།  

         བརྡ་ཐོའི་ནང་། མི་སྤྱོད་ཚན་པ་དང་མི་ཤུགས་ཐོན་ཁུངས་ཞབས་ཞུའི་སྒྲིག་གཞིས་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་ལ་བརྩི་སྲུང་ཞུས་ཏེ། དེ་སྔ་ཏོག་གསར་གློ་ཚད་ནད་དུག་གི་ཉིང་སྐྱུར་ཞིབ་དཔྱད་བྱས་འབྲས་གདགས་གཤིས་ཡིན་པ་སོགས་རྒྱུ་མཚན་དུ་བྱས་ནས་ཏོག་གསར་གློ་ཚད་དྲག་སྐྱེད་བྱུང་མཁན་སོགས་ངལ་རྩོལ་པ་མི་བསྡུ་བ་བྱེད་མི་ཆོག་པ་དང་། མཐོང་ཆུང་རང་བཞིན་གྱི་ནང་དོན་ལྡན་པའི་གདན་ཞུའི་ཆ་འཕྲིན་འགྲེམས་བསྒྲགས་བྱེད་མི་ཆོག་པ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དགོས་མཁོ་ལས་གཞན། མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོབ་བཅའ་ཁྲིམས་སོགས་འབྲེལ་ཡོད་གཏན་འབེབས་ལས་འགལ་ཏེ་ཁྲིམས་འགལ་ངང་ཏོག་གསར་གློ་ཚད་ནད་དུག་གི་ཉིང་སྐྱུར་ཞིབ་དཔྱད་མཇུག་འབྲས་འདྲི་རྩད་བྱེད་མི་ཆོག་ཅེས་ནན་སྟོན་བྱས་འདུག

         མི་སྤྱི་སྡེ་ཚན་གྱིས་མི་སྤྱོད་ཚན་པ་དང་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ཚན་པའི་གདན་ཞུའི་བྱེད་སྒོར་ལྟ་སྡོམ་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་། མི་སྤྱོད་ཚན་པས་ཏོག་གསར་གློ་ཚད་དྲག་སྐྱེད་བྱུང་མཁན་སོགས་ངལ་རྩོལ་པར་མཐོང་ཆུང་བྱེད་པའི་གདན་ཞུའི་ཆ་འཕྲིན་ཁྱབ་བསྒྲགས་བྱས་པ་དང་མི་ཤུགས་ཐོན་ཁུངས་ཞབས་ཞུའི་སྒྲིག་གཞིས་ཁྲིམས་མཐུན་རང་བཞིན་གྱི་ཞིབ་བཤེར་འོས་འགན་མ་བསྒྲུབས་པའི་རིགས་ཤེས་རྟོགས་ཐུབ་ཚེ་ཞིབ་བཤེར་ཐག་གཅོད་ནན་པོ་བྱ་རྒྱུ་ཡིན། བྱས་ཉེས་ཚབས་ཆེ་བའམ་ཡང་ན་ཤུགས་རྐྱེན་ངན་པ་ཚབས་ཆེན་བཟོས་རིགས་ལ་སྲིད་འཛིན་གྱི་ངོ་འཕྲད་གྲོས་མོལ་དང་དམར་འདོན་སོགས་ཀྱི་བྱེད་ཐབས་སྤྱད་ནས་དག་ཐེར་ཡོ་བསྲང་བྱེད་པར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད། 

         བརྡ་ཐོའི་ནང་། ས་གནས་ཁག་གི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་དང་། མི་དམངས་ཁྲིམས་ཁང་གིས་ལས་ཞུགས་མཐོང་ཆུང་གི་གནས་ཚུལ་དང་བསྡོམས་རྩིས་ཆ་འཕྲིན་གྱི་བརྡ་ཁྱབ་ལམ་ལུགས་བཙུགས་ནས་འབྲེལ་ཡོད་སྲིད་ཇུས་བྱ་ཐབས་དང་ཁྲིམས་འཛིན་འགྲེལ་བཤད་འཐུས་ཚང་དུ་བཏང་ཐོག ས་གནས་དེ་གའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་བྱ་ཐབས་ཞིབ་ཕྲ་གང་མགྱོགས་བཟོས་ནས་བརྡ་ཐོ་འདིའི་བླང་བྱ་ལག་བསྟར་དོན་འཁྱོལ་ཐུབ་པའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1