མཚོ་སྣ་རྫོང་སྦྱོར་ར་ཤང་གིས་རིམས་འགོག་དང་ཐོན་སྐྱེད་གཉིས་ཀ་མི་འཕྱུགས་པ་བྱས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 08-23


 


འདི་ནི་མཚོ་སྣ་རྫོང་སྦྱོར་ར་ཤང་གི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་པས་ལོགས་འཇོག་བྱས་པའི་མང་ཚོགས་ཀྱི་བཙས་མ་བརྔ་རོགས་བྱེད་བཞིན་པ། 

            ཚེས་18ཉིན་མཚོ་སྣ་རྫོང་སྦྱོར་ར་ཤང་གི་ཞིང་ནང་དུ་ཁན་སྦྱར་དམར་པོ་གྱོན་པའི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་དང་བླངས་པ་བདུན་བརྒྱད་ཙམ་ཀྱིས་ཚ་གདུག་ཆེ་བའི་ཉི་འོད་འོག་ཁ་རས་བརྒྱབ་ནས་ཞིང་པར་བཙས་མ་བརྔ་རོགས་དང་དབོར་རོགས་བྱས་པ་རེད།

            སྟོན་བསྡུའི་སྐབས་སུ་རིམས་འགོག་སོ་ནམ་གཉིས་ཀ་མི་འཕྱུགས་པ་བྱེད་རྒྱུ་དེ་རེད། དེར་བརྟེན་མཚོ་སྣ་རྫོང་སྦྱོར་ར་ཤང་གིས་གྲོང་ཚོ་ཁག་ཏུ་རིམས་ནད་ཀྱི་རྐྱེན་པས་ཁྱིམ་དུ་ལོགས་འཇོག་བྱེད་མཁན་དང་ངལ་རྩོལ་པ་ཁྱིམ་དུ་ལོག་མི་ཐུབ་པ་སོགས་ཀྱི་གནས་ཚུལ་གྲལ་བཤེར་ཧུར་ཐག་བྱས་ཏེ། “ལོགས་འཇོག་མི་སྣའི་གཞི་གྲངས་གསལ་བ་དང་སྟོན་བསྡུའི་ཐོན་སྐྱེད་ཀྱི་དགོས་མཁོ་ཁ་གསལ”ཡོང་བར་བྱས་པ་རེད། དུད་ཚང་20ལྷག་ཙམ་གྱི་ས་ཞིང་མུའུ་100ལྷག་ཙམ་གྱི་འབྲུ་རིགས་བསྡུ་དཀའ་བའི་གནད་དོན་ཤེས་རྟོགས་ཐུབ་ཡོད་པ་རེད།

            འབྲུ་རིགས་ཐོན་སྐྱེད་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གཉིས་ཀ་མི་འཕྱུགས་པ་དང་གནད་འཁེལ་ཡོང་བའི་འགན་ལེན་བྱ་ཆེད། ཤང་དེས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་སུའོ(ས་ཚིགས)སྒྲིག་འཛུགས་ཧུར་ཐག་བྱས་ནས་དང་བླངས་ཞབས་ཞུ་རུ་ཁག་3བཙུགས་ཡོད། དེའི་ནང་ཁྱོན་བསྡོམས་མི་20ལྷག་ཙམ་ཡོད་ཅིང་། ཁོང་ཚོས་ཆ་སྒྲིག་རོགས་སྐྱོར་བྱས་ནས་སྟོན་བསྡུའི་ལས་དོན་ལ་རམ་འདེགས་བྱེད་བཞིན་ཡོད།

            མིག་སྔར་བོད་ལྗོངས་ཀྱི་ཞིང་ཁུལ་ཁག་ཏུ་སྟོན་བསྡུ་བྱེད་སྒང་དུ་སླེབས་པ་དང་འབྲེལ་ཡོད་སྡེ་ཚན་གྱིས་དངོས་ཡོད་གནས་ཚུལ་གཞིར་བཟུང་རིམས་འགོག་དང་ཐོན་སྐྱེད་གཉིས་ཀ་མི་འཕྱུགས་པ་བྱས་ཏེ་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་འབྲུ་རྡོག་གཅིག་ཀྱང་མི་ལུས་པར་འབྲུ་མཛོད་དུ་བསྡུ་ཐུབ་པའི་འགན་ལེན་བྱས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1