ཁ་གཏད་བོད་སྐྱོར་ལས་དོན་ཚོགས་འདུ་ཐེངས་གསུམ་པ་འཚོགས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 08-23



 

    ཚེས་18ཉིན། ཁ་གཏད་བོད་སྐྱོར་ལས་དོན་ཚོགས་འདུ་ཐེངས་གསུམ་པ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། ཀྲུང་དབྱང་བོད་ལྗོངས་ལས་དོན་མཐུན་སྦྱོར་ཚོགས་ཆུང་གི་འགོ་འཛིན་ཝང་དབྱང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།    ཁོང་གིས་བོད་ལ་ཁ་གཏད་རོགས་སྐྱོར་བྱ་རྒྱུ་དེ་ནི་སྔོན་ལ་ཕྱུག་པོ་ཆགས་མཁན་གྱིས་རྗེས་སུ་ཕྱུག་པོ་ཆགས་པར་རོགས་རམ་བྱེད་པ་དང་། མཐར་ཐུན་མོང་ཐོག་ཕྱུག་པོ་ཆགས་པ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་དང་། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་གཅིག་སྡུད་ཐོག་མཚོན་པ་ཞིག་རེད། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཇུས་གཞི་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་རྒྱུན་འཁྱོངས། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས། དམངས་ཀྱི་འདོད་བློར་བསྟུན་པ་དང་། དམངས་ཀྱི་འཚོ་བར་འགན་ལེན། དམངས་སེམས་གཅིག་སྒྲིལ་བཅས་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། ཕུགས་ཀྱི་ཐབས་ཇུས་མང་ཙམ་འདོན་པ་དང་། རྨང་གཞི་བརྟན་པོའི་བྱ་ཐབས་མང་ཙམ་འདོན་པ། བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་པའི་གཏིང་ཟབ་པའི་འགལ་ཟླ་དང་གནད་དོན་ཐག་གཅོད་བྱེད་རོགས་མང་ཙམ་བྱས་ནས། བོད་སྐྱོར་ལས་དོན་གྱི་ཕྱོགས་བསྡུས་ཕན་འབྲས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་མཐུན་སྒྲིལ་ཕྱུག་འགྱུར་ཤེས་དཔལ་ཞི་མཐུན་མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་རོགས་བྱེད་དགོས་ཞེས་ནན་གསུང་གནང་བ་རེད། 

    ཝང་དབྱང་གིས་སྟོན་གནང་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་ཚུན། ཁ་གཏད་རོགས་སྐྱོར་གྱི་ལས་འགན་འཁུར་བའི་འབྲེལ་ཡོད་ཕྱོགས་ཁག་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བསྟར་ཏེ། མ་དངུལ་གཏོང་ཤུགས་ཆེ་བ་དང་། དེའི་ནང་ཞུགས་མཁན་མང་བ། ཁྱབ་ཁོངས་རྒྱ་ཆེ་བ་བཅས་སྔར་བྱུང་མྱོང་མེད་ཞིང་། བོད་སྐྱོར་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ནས་བོད་དང་། སི་ཁྲོན། ཡུན་ནན། ཀན་སུའུ། མཚོ་སྔོན་བཅས་བོད་འབྲེལ་རང་སྐྱོང་ཁུལ་དང་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་ནུས་ལྡན་བྱས་ཡོད་པ་དང་། རོགས་སྐྱོར་བྱ་ཡུལ་གྱི་སྤུས་ཚད་མཐོ་པོའི་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་འཐོབ་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱ་ཆེད་འདེགས་སྐྱོར་གལ་ཆེན་བྱས་ཡོད། རྒྱ་ཆེའི་བོད་སྐྱོར་ལས་བྱེད་པར་གསོ་རླུང་མི་འདང་ཡང་སྙིང་སྟོབས་ལྡན་པ། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་ཐོག་མའི་བསམ་འདུན་ལག་བསྟར་བྱས་ཡོད་པ་རེད། 

    ཝང་དབྱང་གིས་ནན་བཤད་གནང་དོན། དུས་རབས་གསར་པ་དང་དུས་རིམ་གསར་པའི་བོད་སྐྱོར་ལས་དོན་ཡག་པོ་བསྒྲུབས་དགོས་ཤིང་། མི་རིགས་ཁག་རྒྱ་ཁྱབ་ཏུ་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་སྔར་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་ཀྱི་སློབ་གསོ་དང་རྒྱལ་ཁབ་ཀྱི་གནས་ཚུལ་སློབ་གསོ་གཏིང་ཟབ་སྤེལ་བ་དང་། རོགས་སྐྱོར་བྱ་ཡུལ་གྱི་གཞོན་ནུ་ལོ་ཆུང་དང་གཞི་རིམ་ལས་བྱེད་པ་དེ་བས་མང་བ་སྒྲིག་འཛུགས་བྱས་ནས། ནང་སར་ལྟ་སྐོར་དང་སློབ་སྦྱོང་དང་རྟོག་ཞིབ་བྱེད་པར་བསྐྱོད་དེ་གྲངས་ཉུང་མི་རིགས་ཀྱི་མང་ཚོགས་ནང་སར་ལས་ཞུགས་དང་ལས་གཏོད་དང་འཚོ་བར་བསྐྱོད་རྒྱུར་ཆ་རྐྱེན་སྐྲུན་དགོས། དམངས་འཚོ་སྟོན་ཕྱོགས་སུ་འཛིན་རྒྱུ་མཐའ་འཁྱོངས་དང་། མང་ཚོགས་ཀྱི་དཀའ་ཚེགས་ཆེ་ཞིང་རེ་སྒུག་ཆེ་བའི་གནད་དོན་ཐག་གཅོད་བྱ་རྒྱུ་གཙོ་བོར་བཟུང་བ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། གྲོང་གསེབ་དར་རྒྱས་གཏོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས་གཞི་རིམ་མང་ཚོགས་ལ་ཐད་ཀར་ཕན་པ་ཐོབ་པ་དང་། རྒྱ་ཁྱབ་ངང་ཕན་པ་ཐོབ་པ། ཡུན་རིང་ཕན་པ་ཐོབ་པ་བཅས་བྱེད་དགོས། ཐོན་ལས་དང་ལས་ཞུགས་ཐོག་གི་བོད་སྐྱོར་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། ཐོན་ལས་འཆར་འགོད་དང་རྣམ་གྲངས་ཚན་རིག་དང་མཐུན་པའི་སྒོ་ནས་རིགས་པས་ཁུངས་སྐྱེལ་བྱ་རྒྱུར་ཤུགས་སྣོན་རྒྱག་པ། སྣོད་བཅུད་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱེད་པ། རྨང་གཞིའི་སྒྲིག་བཀོད་ཀྱི་འདེགས་སྐྱོར་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་རོགས་སྐྱོར་བྱ་ཡུལ་གྱི་སྤུས་ལེགས་ཐོན་རྫས་ཀྱི་ཁྲོམ་ར་རྒྱ་ཆེར་གཏོང་རྒྱུར་རོགས་རམ་བྱེད་དགོས།  “ཚོགས་སྒྲིག་རྣམ་པའི”བོད་སྐྱོར་གྱི་ཕན་ནུས་ཆེ་རུ་གཏོང་བ་དང་། མཉེན་གཤིས་ཤེས་ལྡན་མི་སྣ་ནང་འདྲེན་བྱེད་སྟངས་གསར་གཏོད་བྱེད་པ། བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་བཤད་རོགས་ཁྲིད་གསུམ་གྱི་ནུས་པ་འདོན་སྤེལ་སྔར་བས་ཡག་པོ་བྱེད་པ། བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣར་ཕྱོགས་ཡོངས་ནས་སེམས་ཁུར་དང་གཅེས་སྐྱོང་བཅས་བྱེད་དགོས། ཏང་གིས་བོད་སྐྱོར་ལས་དོན་ལ་འགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་རྩ་འཛུགས་ཀྱི་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལས་ཀའི་འགན་འཁྲི་ནན་དུ་གཏོང་བ། དཔྱད་ཞིབ་གདེང་འཇོག་ལམ་སྲོལ་འཐུས་ཚང་དུ་གཏོང་བ། བོད་དང་འབྲེལ་ཡོད་ཞིང་ཆེན་བཞིའི་རང་སྐྱོང་ཁུལ་དང་རྫོང་གི་ཁ་གཏད་རོགས་སྐྱོར་ལས་དོན་གཅིག་གྱུར་འཆར་འགོད་ཡག་པོ་བཅས་བྱེད་དགོས།

     ཡུའུ་ཆོན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། 

     ཁ་གཏད་རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་17དང་། ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཁག་དང་སྡེ་ཚན། འབྲེལ་ཡོད་ཀྲུང་དབྱང་ཁེ་ལས་དང་དངུལ་རྩའི་སྒྲིག་གཞི། བོད་རང་སྐྱོང་ལྗོངས། སི་ཁྲོན་ཞིང་ཆེན། ཡུན་ནན་ཞིང་ཆེན། ཀན་སུའུ་ཞིང་ཆེན། མཚོ་སྔོན་ཞིང་ཆེན་བཅས་ཀྱི་འགན་འཁུར་བློ་མཐུན་སོགས་ཚོགས་འདུར་ཞུགས་ཡོད་པ་རེད། ཀྲུང་དབྱང་རྩ་འཛུགས་པུའུ་དང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན། བོད་རང་སྐྱོང་ལྗོངས། པེ་ཅིང་གྲོང་ཁྱེར། རྒྱལ་ཁབ་གློག་དྲ་ཀུང་སི་བཅས་ཀྱི་འགན་འཁུར་བློ་མཐུན་གྱིས་གཏམ་བཤད་གནང་བ་རེད། ཚོགས་འདུ་དེ་བརྙན་འཕྲིན་ཁ་པར་ཚོགས་འདུའི་རྣམ་པའི་ཐོག་ནས་འཚོགས་པ་དང་འབྲེལ་ཡོད་ཞིང་ཆེན་དང་གྲོང་ཁྱེར་དང་། ས་ཁུལ། རང་སྐྱོང་ཁུལ་བཅས་སུ་ཡན་ལག་ཚོགས་ར་བཙུགས་ཡོད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1