༄༅།།སྙན་རྩོམ་གསར་ཤོས།

དབང་ཆེན། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ངེད་གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 08-24


གཞལ་མེད་རིན་ཆེན་གཏེར་གྱིས་ཕྱུག་པའི་འཛམ་བུའི་གསེར་གྱི་སྙིང་པོ་ལས།།

ས་འཛིན་ཕྲེང་བ་གཙང་པོའི་དར་གྱི་སྐུད་པར་རྒྱུས་པའི་གླིང་ཕྲན་དུ།།

སྐྱེས་བཟང་ཡལ་འདབ་ལྗོན་པས་འཁྱུད་པའི་གཡུ་ལོ་བཀོད་པའི་གནས་མཆོག་ཞིག།

རང་བྱུང་ཁམས་ཀྱི་གོ་ལའི་མཛེས་སྡུག་གཅིག་ཏུ་བསྟར་བའི་གངས་ཅན་ལྗོངས།།

 

གསེར་དངུལ་མདངས་ཀྱི་འདབ་ལྡན་དགོད་པའི་ཨུཏྤལ་པདྨའི་འཛུམ་ཟེར་གྱིས།།

ནམ་མཁའི་རྒྱུ་སྐར་ཐང་ལ་བཀྲམ་ལྟར་གཟི་བརྗིད་འབར་བའི་འོད་དུ་འཚེར།།

མཚར་སྡུག་རྫོགས་པའི་འབབ་ལྡན་དགའ་མའི་རླབས་རྒྱུན་ལྦུ་ཕྲེང་མཁའ་ལ་འཐོར།།

གཡུ་གཞོང་སྔོན་མོ་ཐང་མར་བརྡལ་བས་སྲིད་པའི་འཇིག་རྟེན་བརྒྱན་དུ་སྤུད།།

 

རྟ་བདུན་དབང་པོས་འོད་ཀྱི་དྲ་བས་ཉིན་མོར་སྣང་བའི་བྱ་ར་མཛད། །

ཉ་གང་ཟླ་བས་བཟིལ་ཟེར་སྤྲོས་པས་མཚན་མོར་མུན་པའི་མེལ་ཚེ་བྱེད།།

རྒྱུ་སྐར་མྱོས་པའི་ཟུར་མིག་སྐར་མདས་གནམ་སའི་བར་གྱི་མཐོངས་ཡང་ཕྱེས།།

ཆུ་འཛིན་འདབ་མའི་དར་དཀར་ཡོལ་བས་ཕྱོགས་མཚམས་ཀུན་ཏུ་བླ་བྲེ་བྲེས།།

 

ན་གཞོན་ཕོ་མོའི་སེམས་ཀྱི་མེ་ཏོག་རིག་གནས་སྦྲང་རྩིའི་བཅུད་དུ་སིམ།།

རྣམ་དཔྱོད་ཚན་རིག་རླབས་རྒྱུན་གཡོ་བའི་ཀླད་རྩའི་ཁྲག་རྒྱུན་གཅིག་ཏུ་འདྲེས།།

ཐོན་ལས་གསར་པའི་འཚོ་བའི་སྤུས་ཚད་ཞིང་འབྲོག་ཡོངས་ལ་གྲུབ་འབྲས་སྨིན།།

རང་སྐྱོང་ས་མཐོའི་སྲིད་པའི་ར་བ་འཕེལ་རྒྱས་གནམ་ས་བླ་འོག་ཐེབས།།

 

གློ་ཚད་གསར་པའི་ནད་ཡམས་གནོད་ཤུགས་གནམ་གྱི་འཇུ་ཐག་སྟེང་ནས་གཅོད། །

བདེ་ཐང་འཕྲོད་བསྟེན་གེགས་དང་བར་ཆད་ས་ཡི་རྟེན་ཕུར་འོག་ཏུ་ཕྱུངས། །

རྒྱལ་དོན་ཁྲིམས་གྱི་ལྕགས་རིའི་ར་བར་འཕོ་མེད་གནམ་ལྕགས་འཁོར་ལོ་བཞེངས།།

བོད་སྐྱོར་དབུལ་སྒྲོལ་ཐོག་མཐའ་བར་གསུམ་ཕྱོགས་ཡོངས་བཞི་ཡི་ལམ་ནས་འཛུགས།།

 

དེ་སྐད་སྨྲ་བའི་རྒན་པོའི་ངག་ནས་ཐོལ་བྱུང་སྙན་ཚིག་དཀྲོལ་བ་ལས།།

སྣང་བས་བྲིད་པའི་སེམས་ཀྱི་བུ་ཆུང་སྐྱོ་སང་བསྐྱེད་མོས་ཚལ་ཞུགས་པའི།།

དྲན་པའི་ཤོག་དཀར་འཁྱུག་པའི་རི་མོ་ཐོས་འཛིན་བུ་མོའི་མཛེས་རྒྱན་དུ།།

ཡིད་འཕྲོག་གཞོན་ནུ་རིག་པའི་ཁྱེ་འུའི་གཏན་གྱི་གྲོགས་སུ་འགུགས་པར་སྨོན།།

 

 

 

      


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1