ལྷ་སའི་སྒྲོམ་ཚང་སྨན་ཁང་ནས་ནད་པ་278ཐོན་ཡོད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 08-29


 

     བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པ། ཟླ་8ཚེས་25ཉིན་གྱི་ཕྱི་དྲོ། བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པ་ནས་ཏོག་གསར་ནད་པ་9དྲག་ཐོན་པ་རེད། སྨན་དོན་མི་སྣའི་ཞིབ་ཚགས་ཀྱི་སྨན་བཅོས་འོག དུས་ཚོད་24ཡི་ནང་ཏོག་གསར་ནད་དུག་གི་ཉིང་སྐྱུར་བརྟག་དཔྱད་བསྟུད་མར་ཐེངས་གཉིས་བྱས་པ་དེ་སྨན་ཁང་ནས་ཐོན་པའི་ཚད་གཞིར་སླེབས་ཡོད་པ་རེད། རྗེས་མཐུད་དུ་ཁྱིམ་དུ་ལོགས་བཀར་བྱ་རྒྱུ་རེད། 

     ལྷ་ས་གྲོང་ཁྱེར་གྱི་སྒྲོམ་ཚང་སྨན་ཁང་།

    ཟླ་8ཚེས་25ཉིན་གྱི་ཕྱི་དྲོར་ལྷ་ས་གྲོང་ཁྱེར་གྱི་སྒྲོམ་ཚང་སྨན་ཁང་ནས་ནད་འགོས་ཀྱང་ནད་རྟགས་མངོན་མེད་པའི་མི232དྲག་སྐྱེད་བྱུང་ནས་ཐོན་པ་རེད། ནད་འགོས་མཁན་འདི་དག་ལ་དུས་ཚོད་24ཡི་ནང་ཉིང་སྐྱུར་བརྟག་དཔྱད་བསྟུད་མར་ཐེངས་གཉིས་བྱས་པའི་བྱས་འབྲས་སྲིབས་གཤིས་ཡིན་པས་སྒྲོམ་ཚང་སྨན་ཁང་ནས་ཐོན་པའི་ཚད་གཞིར་སླེབས་ཡོད།

    ལྷ་ས་གྲོང་ཁྱེར་གྱི་སྒྲོམ་ཚང་སྨན་ཁང་གི་བརྒྱུད་འདྲེན་ཚོགས་ཆུང་གི་ལས་དོན་མི་སྣ་པའོ་པིང་ཁོའོ་ཡིས“ང་ཚོས་ཁྲེང་ཀོན་ཆུས་ཀྱི་སྲང་ལམ་བཅུ་གཉིས་དང་དེ་བཞིན་ལྷ་ས་གྲོང་ཁྱེར་གྱི་རྫོང་དང་ཆུས་གཞན་དག་ཚན་པར་བྱས་ནས། སྒྲོམ་ཚང་སྨན་ཁང་ནས་ཐོན་པའི་མི་སྣ་ཁག་བགོས་བྱས་པ་ཡིན། ཁག་བགོས་བྱས་རྗེས་ཁྱིམ་དུ་ལོག་ནས་ལོགས་བཀར་བྱེད་རྒྱུ་དང་། སྡེ་ཁུལ་གྱིས་ཁོང་ཚོར་ལྟ་སྐུལ་དོ་དམ་བྱེད་ཀྱི་ཡོད”ཅེས་ངོ་སྤྲོད་བྱས་བྱུང་། 

     ཟླ་8ཚེས་25ཉིན་ནས་བཟུང་སྒྲོམ་ཚང་སྨན་ཁང་ནས་ཐོན་པའི་མི་སྣར《ཏོག་གསར་ནད་དུག་གློ་ཚད་སྔོན་འགོག་ཚོད་འཛིན་ཇུས་གཞིའི(པར་གཞི་དགུ་པའི)》བླང་བྱ་ལྟར་ཁྱིམ་སྡོད་ལོགས་བཀར་བྱ་རྒྱུ་དང་། ཡུལ་སྐོར་བར་གནས་སྐབས་རིང་གཅིག་སྡུད་ངང་ལོགས་བཀར་བྱས་ནས་ལྟ་ཞིབ་བྱ་རྒྱུ་དང་། རྦད་དེ་ལོགས་བཀར་མཚམས་འཇོག་པའི་ཆ་རྐྱེན་འཛོམས་པའི་བར་ལོགས་བཀར་བྱ་རྒྱུ་རེད། 

    ལྷ་ས་གྲོང་ཁྱེར་གྱི་སྒྲོམ་ཚང་སྨན་ཁང་གཉིས་པ། 

    ཟླ་8ཚེས་25ཉིན་གྱི་དགོང་མོར། ལྷ་ས་གྲོང་ཁྱེར་གྱི་སྒྲོམ་ཚང་སྨན་ཁང་གཉིས་པར་ཡོད་པའི་ནད་འགོས་ཀྱང་ནད་རྟགས་མངོན་མེད་པའི་ནད་པ་37ལ་དྲག་སྐྱེད་བྱུང་ནས་སྒྲོམ་ཚང་སྨན་ཁང་ནས་ཐོན་པ་རེད། ནད་པ་འདི་དག་ལ་དུས་ཚོད་24ཡི་ནང་ཉིང་སྐྱུར་བརྟག་དཔྱད་བསྟུད་མར་་ཐེངས་གཉིས་བྱས་པའི་བྱས་འབྲས་སྲིབས་གཤིས་ཡིན་པས། སྒྲོམ་ཚང་སྨན་ཁང་ནས་ཐོན་པའི་ཚད་གཞི་ལ་སླེབས་ཡོད། 

    སྒྲོམ་ཚང་སྨན་ཁང་ནས་ཐོན་མཁན་རྣམས་ཀྱིས་བླང་བྱ་ལྟར་ཁྱིམ་སྡོད་ལོགས་བཀར་བྱེད་དགོས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1