ཞི་ཅིན་ཕིང་གིས་འཕྲིན་ལན་སྤྲིངས་ནས་ཕྱི་རྒྱལ་སྐད་ཡིག་དཔེ་སྐྲུན་ཁང་གི་ཕྱི་རྒྱལ་གྱི་རིགས་གཅིག་མཁས་ཅན་ལ་སྐུལ་ལྕག་གནང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 08-29


ཞི་ཅིན་ཕིང་གིས་འཕྲིན་ལན་སྤྲིངས་ནས་ཕྱི་རྒྱལ་སྐད་ཡིག་དཔེ་སྐྲུན་ཁང་གི་ཕྱི་རྒྱལ་གྱི་རིགས་གཅིག་མཁས་ཅན་ལ་སྐུལ་ལྕག་གནང་དོན། 

 

ཀྲུང་གོ་དང་འཛམ་གླིང་རྒྱལ་ཁབ་ཁག་གི་སྤེལ་རེས་མཐུན་སྦྱོར་ལ་སྐུལ་འདེད་བཏང་སྟེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས།

         ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཟླ་8ཚེས་25ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཕྱི་རྒྱལ་སྐད་ཡིག་དཔེ་སྐྲུན་ཁང་གི་ཕྱི་རྒྱལ་གྱི་རིགས་གཅིག་མཁས་ཅན་ལ་འཕྲིན་ལན་སྤྲིངས་ཏེ། ཕྱི་རྒྱལ་སྐད་ཡིག་དཔེ་སྐྲུན་ཁང་བཙུགས་ནས་ལོ་ངོ་70འཁོར་བའི་སྐབས་སུ། དཔེ་སྐྲུན་ཁང་གི་ལས་མི་ཡོངས་ལ་ལྷག་བསམ་རྣམ་དག་གི་འཚམས་འདྲི་གནང་བ་དང་། ཕྱི་རྒྱལ་གྱི་རིགས་གཅིག་མཁས་ཅན་ཚོར་བྱམས་བརྩེའི་སྐུལ་ལྕག་གནང་བ་རེད།

        ཞི་ཅིན་ཕིང་གིས་འཕྲིན་ལན་ནང་། རིགས་གཅིག་མཁས་ཅན་རྣམས་རྒྱལ་ཁབ་མི་འདྲ་བ་ནས་ཕེབས་པས། རིག་གནས་ཀྱི་རྒྱབ་ལྗོངས་འདྲ་གི་མེད་མོད། འོན་ཀྱང་ཚང་མ་ཀྲུང་གོར་དགའ་ཞེན་དང་ཀྲུང་ཧྭ་རིག་གནས་ལ་དགའ་ཞེན་ཆེ་བས། ཀྲུང་གོའི་ཕྱི་ཕྱོགས་ཡིག་སྒྱུར་དཔེ་སྐྲུན་བྱ་གཞག་ཐད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་གསུངས་ཡོད་པ་རེད།

        ཞི་ཅིན་ཕིང་གིས། ཡིག་སྒྱུར་ནི་མིའི་རིགས་ཀྱི་ཤེས་དཔལ་སྤེལ་རེས་ལ་སྐུལ་འདེད་གཏོང་བའི་ལས་ཀ་གལ་ཆེན་ཞིག་རེད། ཀྲུང་གོའི་ལོ་རྒྱུས་ཐོག་ནང་པའི་གསུང་རབ་རྒྱ་ཡིག་ལ་སྒྱུར་བ་དང་། ཉེ་རབས་ནུབ་ཕྱོགས་ཀྱི་རིག་གཞུང་དང་། རིག་གནས་ཀྱི་བརྩམས་ཆོས་རྒྱ་ཡིག་ལ་སྒྱུར་བ། མར་ཁེ་སི་རིང་ལུགས་ཀྱི་བརྩམས་ཆོས་ཡིག་སྒྱུར་དང་བརྒྱུད་བསྒྲགས་བཅས་བྱས་པ་མ་ཟད། དུས་རབས་བཅུ་བདུན་པ་དང་བཅོ་བརྒྱད་པར་ཀྲུང་གོའི་རིག་གནས་ཀྱི་བརྩམས་ཆོས་རྩེ་གྲ་ཡོ་རོབ་ཏུ་ཁྱབ་གདལ་བཏང་ནས་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་ལ་ནུས་པ་ཆེན་པོ་ཐོན་ཡོད། དེ་རིང་། ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་ནས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ལམ་བུའི་ཐོག་ལེགས་གྲུབ་ལྡན་པའི་ངང་བསྐྱོད་པ་དང་མིའི་རིགས་ཀྱི་ཤེས་དཔལ་གྱི་རྣམ་པ་གསར་པ་བཏོད་ཡོད། ཇི་མ་ཇི་བཞིན་དང་སྣང་ངོར་ཇི་བཞིན་འཆར་བའི་ཡིག་སྒྱུར་ལ་བརྟེན་ནས་དེ་དག་ངོ་སྤྲོད་བྱས་ཏེ། འཛམ་གླིང་གིས་དུས་རབས་གསར་པའི་ཀྲུང་གོར་ངོས་འཛིན་དེ་བས་ལེགས་པ་བྱེད་དགོས། དེས་ཀྲུང་གོ་དང་ཕྱི་རྒྱལ་གྱི་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་མིག་དཔེར་འཛིན་པར་སྐུལ་འདེད་གཏོང་བའི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་གསུངས་པ་རེད།

        ཞི་ཅིན་ཕིང་གིས། རིགས་གཅིག་མཁས་ཅན་རྣམ་པས་དུས་ཡུན་རིང་པོ་ཀྲུང་གོར་ཕྱག་ལས་གནང་བས། ཀྲུང་གོའི་ལོ་རྒྱུས་རིག་གནས་དང་། མི་རིགས་ཀྱི་ཁྱད་ཆོས། འཕེལ་རྒྱས་ཀྱི་བརྒྱུད་རིམ་བཅས་ལ་ཤེས་རྟོག་ཟབ་མོ་བྱུང་ཡོད། ཁྱེད་རྣམ་པས་མུ་མཐུད་རང་ཉིད་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ། ཀྲུང་ཕྱི་གཉིས་ཀར་ནང་བྱན་ཆུད་པའི་སྐད་ཡིག་དང་ཕུལ་བྱུང་གི་ཡིག་སྒྱུར་བརྩམས་ཆོས་སྤྱད་ནས་ཀྲུང་གོའི་གཏམ་རྒྱུད་ཡག་པོ་བརྗོད་པ་དང་། ཕྱི་རྒྱལ་གྱི་ཀློག་པ་པོ་དེ་བས་མང་བས་ཀྲུང་གོ་ཤེས་རྟོགས་ཐུབ་པར་ཁྲིད་སྟོན་བྱས་ཏེ། ཀྲུང་གོ་དང་འཛམ་གླིང་རྒྱལ་ཁབ་ཁག་གི་སྤེལ་རེས་ལ་སྐུལ་འདེད་གཏོང་བ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

        ཕྱི་རྒྱལ་སྐད་ཡིག་དཔེ་སྐྲུན་ཁང་ནི་སྤྱི་ལོ་1952ལོར་བཙུགས་པ་དང་། དེ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ཚུན་འཛུགས་སྔ་ཤོས་ཀྱི་ཕྱི་ཕྱོགས་དཔེ་སྐྲུན་ལས་ཁུངས་ཤིག་རེད། ལོ་ངོ་70ཡི་རིང་། ཕྱི་རྒྱལ་སྐད་ཡིག་དཔེ་སྐྲུན་ཁང་གིས་སྐད་ཡིག་རིགས་40ལྷག་བེད་སྤྱད་ནས་དཔེ་དེབ་སྣ་ཚོགས་ཁྲི་གསུམ་ལྷག་དཔེ་སྐྲུན་བྱས་ཡོད། དེ་དག་ཁྲོད་འགོ་ཁྲིད་མི་སྣའི་གསུང་རྩོམ་དང་། ཏང་སྲིད་ཀྱི་ཚད་ལྡན་ཡིག་ཆ། རྒྱལ་བབ་ཀློག་དེབ། རིག་གནས་བརྩམས་ཆོས་སོགས་ཚུད་པ་དང་འཛམ་གླིང་ཡོངས་སུ་དེབ་དུང་ཕྱུར་བཞི་ལྷག་འགྲེམ་སྤེལ་བྱས་ཡོད། ཉེ་ཆར། ཕྱི་རྒྱལ་སྐད་ཡིག་དཔེ་སྐྲུན་ཁང་གི་ཕྱི་རྒྱལ་གྱི་རིགས་གཅིག་མཁས་ཅན་5ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》སོགས་དཔེ་དེབ་ཀྱི་ཡིག་སྒྱུར་དང་དཔེ་སྐྲུན་ལས་ཀའི་ནང་ཞུགས་པའི་མྱོང་ཚོར་ཟབ་མོ་གླེང་སྟེ། འཛམ་གླིང་གིས་ཀྲུང་གོ་ཤེས་རྟོགས་ཐུབ་པར་བྱེད་པའི་ལས་ཀར་གཞོལ་རྒྱུ་བྱུང་བའི་སྤོབས་སེམས་བརྗོད་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1