༄༅།།འཁྱགས་ཀླུང་གི་ནུས་པ་འདི་ཁྱོད་ཀྱིས་ཤེས་སམ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། སྤེལ་དུས། 08-29



         མི་མང་ཤོས་ལ་མཚོན་ན། འཁྱགས་ཀླུང་དང་བར་ཐག་རིང་བོ་ཡོད་ཅིང་། དེའི་མཛེས་སྡུག་གི་རྣམ་པའང་པར་རིས་སམ་བརྙན་རིས་བརྒྱུད་ནས་མ་གཏོགས་མཐོང་མི་ཐུབ།

 

ནོར་ཝེ་རྒྱལ་ཁབ་ཀྱི་པུ་རི་ཁེ་སུ་ཏ་ཨེར་འཁྱགས་ཀླུང་། 

         ཡིན་ནའང་། འཁྱགས་ཀླུང་དང་བར་ཐག་རིང་བའི་ས་ཆ་ནས། སྐབས་རེ་ལ་གློ་བུར་དུ་བྲག་རྡོ་ཆེན་པོ་ཞིག་གམ་ཡང་ན་དིམ་བསགས་དངོས་པོ་ཞིག་རྙེད་དུས། ཕལ་ཆེར་དེ་ནི་གོ་ལ་གཞན་པ་ནས་ཡོང་བར་འདོད་པ་ཡིན། འོན་ཀྱང་། དྲང་མོར་བཤད་ན། འདི་ནི་འཁྱགས་ཀླུང་གིས་བསྒྲུབས་ཀྱང་སྲིད་པ་ཡིན།

 ང་ཚོའི་རྐང་འོག་གི་ས་ཆ་འདི་ནི་ལོ་ངོ་དུང་ཕྱུར་མང་པོའི་སྔོན་ལ། འཁྱགས་ཀླུང་གིས་བཀླུབས་མྱོང་ཡང་སྲིད་པ་དང་། ནུབ་རྒྱུད་རི་ཚོགས་ཁྲོད་ཀྱི་གངས་རིའི་མཛེས་ཉམས་དེ་དག་ལའང་། འཁྱགས་ཀླུང་གི་ནུས་པ་ཡིས་གསར་བཟོ་དང་རྐོ་བཟོ་མི་ཉུང་བ་བྱས་ཡོད།

 

བོད་ལྗོངས་ཀྱི་བྱ་ཡར་མཚོ། 

         ང་ཚོ་ཚང་མས་ཤེས་པ་ལ། འཁྱགས་ཀླུང་གིས་ས་རྒྱུས་ཁོར་ཡུག་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པ་ཡིན། འཁྱགས་ཀླུང་གི་ཁེབས་ཚད་ཇེ་ཆེར་སོང་ན། སའི་གོ་ལའི་ལྡོག་འོད་འཕྲོ་ཚད་ཇེ་དྲག་ཏུ་གྱུར་པ་ལས་སའི་གོ་ལའི་གྲང་ངར་ཇེ་ཆེ་ལ་འགྲོ་བ་དང་། འཁྱགས་ཀླུང་གི་ཞུ་ཚད་ཇེ་ཉུང་དུ་སོང་ན། ཐད་ཀར་ཆུ་བོའི་ལྟག་ཆུ་དང་མཚོ་ངོས་འཕེལ་འགྲིབ་ལ་ཤུགས་རྐྱེན་ཐེབས་པ་ཡིན།

 འཁྱགས་ཀླུང་འདི་ནི་སའི་གོ་ལའི་ས་ངོས་ཀྱི་རྣམ་པར་འགྱུར་ལྡོག་གཏོང་བའི་སྟོབས་ཤུགས་ཆེན་པོ་ཞིག་ཀྱང་ཡིན། འཁྱགས་ཀླུང་ཞེས་པ་ནང་བཞིན། “འཁྱགས”དང“ཀླུང”ཞེས་པ་ལས་བཞུར་ནས་ཚར་རྒྱུ་མེད་པ་ཞིག་མཚོན་པས། དེ་ནི་འགུལ་སྐྱོད་ཀྱི་རྣམ་པ་ལྟར་གནས་པའི་རང་བྱུང་གི་འཁྱགས་གཟུགས་ཤིག་ཡིན།

 

རི་ཁུལ་འཁྱགས་ཀླུང་གི་ས་ངོས་ཆགས་དབྱིབས་ཀྱི་དཔེ་སྟོན་རི་མོ། 

         འཁྱགས་ཀླུང་འདྲེད་འགུལ་བྱེད་དུས། བཙན་གནོན་རང་བཞིན་གྱི་བསླད་སྐྱོན་གཏོང་བའི་སྟོབས་ཤུགས་ཆེན་པོ་ཞིག་གྲུབ་ནས། འཛེམ་དོགས་ཅི་ཡང་མེད་པའི་སྒོ་ནས་སྔོ་ཁེབས་ཚང་མ་མེད་པར་བཏང་སྟེ་སྲོག་ཆགས་གནས་སྤོར་དང་ས་གཤིན་སྐྱེ་འཕེལ་གྱི་གོ་རིམ་ཆད་པར་བྱས་ནས་ས་ངོས་ཆགས་དབྱིབས་ལ་འགྱུར་ལྡོག་མངོན་གསལ་གཏོང་བ་ཡིན།

 འཁྱགས་ཀླུང་འདི་རི་ཁུག་ན་ཡོད་དུས། བྲག་རྡོའི་ཐོག་ལ་རླུང་གཡུག་ཏུ་བཅུག་པ་ལས། ཏོག་ཙམ་དུ་གྲང་ནས་འཁྱགས་སྒམ་ནང་དུ་ཡོད་པ་དང་ཏོག་ཙམ་དུ་འཇམ་གཤིས་ཆེ་བའི་ཆུ་ལ་འཕྲད་པ་ནང་བཞིན། ལོ་འཁོར་མོར་ཡུལ་འདི་ན་ཡོད་པའི་བྲག་རྡོ་ལ་གློ་བུར་དུ་གྲང་བ་དང་གློ་བུར་དུ་ཚ་བར་བྱེད་བཞིན་ཡོད། དེ་ལྟར་བྲག་རྡོའི་གས་ཁ་ལ་ཡང་དང་བསྐྱར་དུ་འཁྱགས་པ་དང་ཞུ་བའི་གནས་ཚུལ་བྱུང་ནས་ལྷུ་ཚིགས་ལྷོད་པར་གྱུར་པ་ན། མཐར་འཁྱགས་པ་དང་མཉམ་དུ་འདྲེས་ནས་འཁྱགས་ཀླུང་གནས་སྤོར་བྱེད་དུས། བྲག་རྡོའི་ཆག་དུམ་ཡང་ཕྱིར་འཁྱེར་བ་རེད། འདི་ནི་འཁྱགས་ཀླུང་གི་འཐེན་བསླད་ནུས་པ་ཡིན།

 

འཁྱགས་ཀླུང་ཁྲོད་ཀྱི་ངོ་མཚར“ཤ་མོ” 

         འཁྱགས་ཀླུང་གི་བསླད་སྐྱོན་ནུས་པ་ནི་ཆུ་བོ་སྤྱིར་བཏང་བ་ལས་ཀྱང་ཆེ་བ་ཡིན། གནས་སྤོར་དམིགས་འབེན་ལེགས་འགྲུབ་བྱེད་ཆེད། འཁྱགས་ཀླུང་གིས་ཐད་ཀར་བཙན་གནོན་ཐུབ་པའི་སྟོབས་ཤུགས་ཆེན་པོ་འདོན་བཞིན་འཁྱགས་པའི་ནང་དང་འོག་རོལ་དུ་ཉར་འཇོག་བྱས་པའི་བྲག་རྡོའི་ཆག་དུམ་ལ་བརྟེན་ནས། ཤུད་འགུལ་གོ་རིམ་ནང་དུ་འཁྱགས་ཀླུང་གི་ཕྱི་ངོས་ལ་གཙུབ་བརྡར་བསྟུད་མར་བྱས་ཏེ་ཐད་ཀར་ས་ངོས་ལ་བསླད་སྐྱོན་གཏོང་བཞིན་ཡོད། འདི་ནི་འཁྱགས་ཀླུང་གི་གཤག་བསླད་ནུས་པ་ཡིན།

         འཁྱགས་ཀླུང་གིས་ཕྱོགས་གཅིག་ནས“ཡུས་ཀུང་རི་སྤོས”ཀྱི་འགན་འཁྲི་སྒྲུབ་བཞིན་ཡོད་པ་དང་། ཕྱོགས་གཞན་ཞིག་ནསUརྣམ་གྲོག་རོང་དང་ཁུག་པ། ཟུར་རྩེ། ལ་སྒང་སོགས་མཛེས་དཔྱོད་རང་བཞིན་ཧ་ཅང་ཆེ་བའི་འཁྱགས་བསླད་ས་ངོས་ཆགས་དབྱིབས་རྐོ་བཟོ་བྱེད་བཞིན་ཡོད།

 

བྲག་རྡོས་ཁེབས་པའི་འཁྱགས་ཀླུང་། 

         འདས་སོང་གི་ནམ་ཟླ་གྲང་འགྱུར་ནས་འཁྱགས་དུས་ལ་སླེབས་སྐབས། འཁྱགས་ཀླུང་ནི་མཐོ་ས་ནས་གཤམ་རོལ་དུ་བཞུར་འགུལ་བྱུང་ནས་གྲོག་རོང་གི་མཐིལ་གནས་སུ་ཐོན་པ་དང་། དེ་ནས་མདུན་སྐྱོད་བྱེད་པའི་གོ་རིམ་ནང་། འཁྱགས་ཀླུང་གིས་གྲོག་རོང་ལ་གཅོད་འབྲེག་བྱས་ཏེ་གྲོག་རོང་ནང་གི་རླུང་ཟད་གས་ཆག་ཏུ་གྱུར་པའི་རྡོ་ལེབ་དང་རྡོ་ཧྲུག་སོགས་ཁྱེར་ཏེ་མུ་མཐུད་དུ་མདུན་བསྐྱོད་བྱས་ཡོད། རྗེས་སུ་ནམ་ཟླ་དྲོད་འགྱུར་བྱུང་བ་ན། འཁྱགས་ཀླུང་རིམ་བཞིན་ཕྱིར་བསྣུར་བྱས་པའམ་ཡང་ན་སྔར་ས་ནས་བཞུས་ཏེ་བྲག་རྡོའི་ཆག་དུམ་དེ་དག་གྲོག་རོང་ནང་དུ་ལུས་ཡོད།

         འཁྱགས་ཀླུང་འགུལ་སྐྱོད་ཀྱི་གོ་རིམ་ནང་དུ། འཁྱགས་ཀླུང་གི་ཕྱི་ངོས་ལ་འཁྱགས་རིམ་གྱི་གཉེར་མ་ཆགས་པ་དང་གས་ཆག་བྱུང་བ། འཁྱགས་ངོས་གཟར་ཚད་ལ་འགྱུར་ལྡོག་བྱུང་བ། ཆུ་བོས་བསླད་སྐྱོན་བཏང་བ་སོགས་ཀྱི་ཤུགས་རྐྱེན་ཐེབས་པ་ལས་རྣམ་པ་མི་འདྲ་བའི་འཁྱགས་ངོས་ཀྱི་ས་ངོས་ཆགས་དབྱིབས་གྲུབ་ཡོད།

 

ཞིན་ཅང་གི་ཐེན་ཧྲན་འཁྱགས་ཀླུང་། 

         འཁྱགས་ཀླུང་གིས་བྲག་རྡོའི་རྡོ་ལེབ་ཆེན་པོ་ཞིག་སྔར་ས་ནས་གནས་སྤོར་བྱེད་ཐུབ་པར་མ་ཟད། ད་དུང་ལྗིད་ཚད་ཏུན་ཁྲི་ལས་བརྒལ་བའི་བྲག་རྡོ་ཆེན་པོའི་རིགས་ཀྱང་གནས་གཞན་པར་སྤོར་ཐུབ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1