དུས་རབས་གསར་པའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་གྱི་ལོ་རྒྱུས་ཀྱི་ཁ་ཕྱོགས་སྟངས་འཛིན་ཡང་དག་བྱེད་དགོས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 08-28



—— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་བྱ་རྒྱུའི་སྐོར་གླེང་བ། 


 

འདི་ག་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།


        “དུས་རབས་གསར་པའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་གྱི་ལོ་རྒྱུས་ཀྱི་ཁ་ཕྱོགས་སྟངས་འཛིན་ཡང་དག་བྱེད་དགོས” ཀྲུང་དབྱང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་འཐབ་ཇུས་སྤྱི་ཡོངས་དང་འཛམ་གླིང་ལ་ལོ་བརྒྱར་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོའི་མཐོ་ཚད་ཐོག་ནས་དུས་རབས་གསར་པའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་གྱི་ལོ་རྒྱུས་ཀྱི་ཁ་ཕྱོགས་ལ་དབྱེ་ཞིབ་གཏིང་ཟབ་གནང་བ་དང་དུས་རབས་གསར་པའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་གྱི་གཞི་རྩའི་ལས་འགན་ཁ་གསལ་བཏོན་གནང་ཞིང་། ཁོང་གིས“ང་ཚོས་དུས་རབས་གསར་པའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བའི་དོན་སྙིང་གལ་ཆེན་ལ་གོ་བ་གཏིང་ཟབ་བླངས་ཏེ་ཚད་མཐོའི་ལས་འགན་སྒྲུབ་སེམས་དང་འགན་འཁྲི་འཁུར་སེམས་ཀྱི་ཐོག་ནས་ལས་དོན་ཡག་པོ་བསྒྲུབ་དགོས”ཞེས་ནན་བཤད་གནང་བ་རེད།


        ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་དམངས་སེམས་གཅིག་མཐུན་དང་ཕྱར་བ་གྲུ་འདེགས་བྱས་པས་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་རྒྱལ་ཁའི་ངང་མངོན་འགྱུར་བྱུང་སྟེ་ཀྲུང་ཧྭའི་ས་གཞི་ཆེན་པོའི་ཐོག་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་པ་དང་། བློ་སྟོབས་ཆེར་སྐྱེད་ཀྱི་སྒོ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་བསྐྲུན་པའི་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཕྱོགས་སུ་སྐྱོད་བཞིན་ཡོད། རླབས་ཆེན་གྱི་རྒྱང་སྐྱོད་ལམ་བུ་གསར་པར་འཛམ་གླིང་དང་། དུས་རབས། ལོ་རྒྱུས་བཅས་ཀྱི་འགྱུར་ལྡོག་གི་ཁྱད་ཆོས་དེ་བས་མངོན་གསལ་དོད་དུ་ཕྱིན་པ་དང་། རང་རྒྱལ་གྱི་འཕེལ་རྒྱས་ལ་འཐབ་ཇུས་ཀྱི་གོ་སྐབས་གསར་པ་དང་། འཐབ་ཇུས་ཀྱི་ལས་འགན་གསར་པ། འཐབ་ཇུས་ཀྱི་དུས་མཚམས་གསར་པ། འཐབ་ཇུས་ཀྱི་བླང་བྱ་གསར་པ། འཐབ་ཇུས་ཀྱི་ཁོར་ཡུག་གསར་པ་བཅས་འཕྲད་བཞིན་ཡོད་པ་ང་ཚོས་གསལ་པོར་མཐོང་ཐུབ། ང་ཚོས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ནི་བདེ་བདེ་ལྷོད་ལྷོད་དང་རྔ་བརྡུང་དར་འཕྱར་བྱས་ནས་བྱུང་བ་མིན་པར། མདུན་སྐྱོད་ལམ་བུར་དཀའ་ཚེགས་ཆེ་ལ་ལྗིད་རྫོབ་ཆེ་བའི་ལས་འགན་འཕྲད་སྲིད་ལ། དཀའ་ངལ་དང་གེགས་བར་ཡོད་པ་མ་ཟད། ཐ་ན་རྦ་རླབས་འཇིགས་སུ་རུང་བ་ཡང་ཡོད་སྲིད་པ་གསལ་པོར་རྟོགས་ཡོད། ང་ཚོས་འཐབ་ཕྱོགས་གཅིག་གྱུར་ནི་ཏང་གིས་དགྲ་བོ་ལས་རྣམ་པར་རྒྱལ་བ་དང་སྲིད་སྐྱོང་རྒྱལ་དར་གྱི་མཆོག་ནོར་གལ་ཆེན་ཞིག་ཡིན་པ་དང་། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་ཡོངས་མཐུན་སྒྲིལ་བྱས་ཏེ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་མཆོག་ནོར་གལ་ཆེན་ཡིན་པར་ངོས་འཛིན་གཏིང་ཟབ་བྱེད་དགོས་ཤིང་། དུས་བབ་རྙོག་འཛིང་དང་ལས་འགན་དཀའ་ཚེགས་ཇི་ཙམ་ཆེ་ན་དེ་ཙམ་གྱིས་འཐབ་ཕྱོགས་གཅིག་གྱུར་འཕེལ་རྒྱས་ཡག་པོ་གཏོང་བ་དང་། འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོ་བསྒྲུབས་ནས་ཕྱོགས་ཁག་གི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཏེ། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་གི་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་ཤུགས་རྒྱག་སར་ཤུགས་བརྒྱབ་ནས་མཉམ་ཤུགས་ཆེན་པོ་ཆགས་པར་བྱས་ཏེ་མཐུན་སྒྲིལ་ཆེ་མོ་དང་མཉམ་འབྲེལ་ཆེ་མོའི་རྣམ་པ་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས།


        དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོ་བསྒྲུབ་པར། ངེས་པར་དུ་དུས་རབས་གསར་པའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་གྱི་གཞི་རྩའི་ལས་འགན་ལ་དམ་འཛིན་ཡག་པོ་བྱེད་དགོས་པ་སྟེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་མཐའ་འཁྱོངས་བྱས་ཏེ་རྒྱལ་གཅེས་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། གཅིག་གྱུར་རང་བཞིན་དང་སྣ་མང་རང་བཞིན་གཅིག་གྱུར་ཡོང་རྒྱུ་མཐའ་འཁྱོངས། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་མཐའ་འཁྱོངས། དུས་བསྟུན་འཕེལ་རྒྱས་དང་གཞུང་འཁྱོངས་གསར་འབྱེད་མཐའ་འཁྱོངས་བཅས་བྱས་ནས་བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། མི་སེམས་གཅིག་སྒྲིལ་དང་སྟོབས་ཤུགས་གཅིག་སྡུད་ཀྱི་ཆབ་སྲིད་ནུས་པ་འདོན་སྤེལ་བྱེད་པ། སྲིད་ཏང་གི་འབྲེལ་བ་དང་། མི་རིགས་ཀྱི་འབྲེལ་བ། ཆོས་ལུགས་ཀྱི་འབྲེལ་བ། རིམ་གྲས་ཀྱི་འབྲེལ་བ། རྒྱལ་ཁབ་ཕྱི་ནང་གི་སྤུན་ཟླའི་འབྲེལ་བ་བཅས་ཞི་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་གིས་མཐུན་སྒྲིལ་འབད་འཐབ་བྱ་རྒྱུར་སྐུལ་འདེད་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་བསྐྲུན་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་རྒྱུར་སྟོབས་ཤུགས་ཆེན་པོ་གཅིག་སྡུད་བྱེད་དགོས། དེ་ནི་དུས་རབས་གསར་པའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་གྱི་ལོ་རྒྱུས་ཀྱི་ཁ་ཕྱོགས་སྟངས་འཛིན་ཡང་དག་བྱ་རྒྱུར་བཏོན་གནང་བའི་ཚན་རིག་དང་མཐུན་པའི་ཇུས་འགོད་ཅིག་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་གཞི་ཚུགས་ནས་བཏོན་གནང་བའི་འཐབ་ཇུས་བཀོད་སྒྲིག་ཅིག་རེད། དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་གོ་བ་བླངས་ཏེ་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང“རྒྱལ་ཁབ་ཀྱི་དོན་ཆེན”སེམས་ལ་བཅངས་ཏེ། ཞན་ཆ་བསལ་བའི་ཐད་འབད་འཐབ་ཧུར་ཐག་དང་འགན་འཁུར་ཕོད་པ་བྱེད་པའི་ཐད་མིག་དཔེ་འདོན་པ། ལས་དོན་སྒྲུབ་མཁས་པོ་བྱེད་པའི་ཐད་བསམ་བློ་གཏོང་བ་བཅས་བྱས་ནས། གསར་གཏོད་རང་བཞིན་གྱི་སྒོ་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བར་བྱེད་པ་དང་འཐབ་ཕྱོགས་གཅིག་གྱུར་བྱ་གཞག་གི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་དགོས།


        སྟོབས་ཤུགས་གཅིག་ཏུ་བསྒྲིལ་ན་རྒྱལ་ཁ་མི་ཐོབ་པ་མེད་ལ། བློ་གྲོས་གཅིག་ཏུ་བསྡུས་ན་མི་འགྲུབ་བྱ་བ་མེད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་བྱས་ནས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལོན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས་འཐབ་ཕྱོགས་གཅིག་གྱུར་གྱི་མཐུན་སྒྲིལ་དང་། འབད་འབུངས་མདུན་སྐྱོད། གསར་འབྱེད། གསོན་ཤུགས་བཅས་ཀྱི་རྣམ་པ་བཟང་པོ་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་བཏང་ནས་རང་རྒྱལ་འདི་ཉིད་འབྱོར་ཕྱུག་དང་། དམངས་གཙོ། ཞི་མཐུན། ཤེས་དཔལ། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་དུ་བསྐྲུན་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་རྒྱུར་འབད་འཐབ་ལྷོད་མེད་བྱེད་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1