ང་ཚོས་མཉམ་དུ་གློག་གྲོན་ཆུང་བྱེད།

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-01


གློག་གྲོན་ཆུང་བྱེད་པའི་ཐབས་ཤེས་ཆུང་ངུ་།

དྲོད་སྙོམས་ཆས་ཀྱི་སྐོར།

1.དྲོད་སྙོམས་ཆས་ཀྱི་དྲོད་ཚད་འོས་འཚམས་ཐོག་འཇོག་པ།

ཁྱིམ་དུ་དྲོད་སྙོམས་ཆས་བཀོལ་སྐབས། དྲོད་ཚད་26℃ཏུ་བཞག་ན་ཆེས་བཟང་། དྲོད་སྙོམས་ཆས་ཀྱི་དྲོད་ཚད་ཧྲེ་ཧྲི་ཏུའུ་1རེ་མཐོ་རུ་བཏང་ན་གློག་སྤྱོད་ཐེག་ཚད་7%ནས་10%བར་མར་ཆག་བཞིན་ཡོད། གཞན་ཡང་མཁའ་རླུང་གྲང་མོ་མར་འགྲོ་སླ་བས། འཁྱག་གཏོང་སྐབས་དྲོད་སྙོམས་ཆས་ཀྱི་རླུང་སྒོ་ཡར་ཕྱོགས་དགོས་ཏེ། འདི་ལྟར་བྱས་ན་འཁྱག་བཟོའི་ཕན་འབྲས་དེ་བས་ལེགས་པོ་ཡོད།

2.ལུགས་མཐུན་ངང་དྲོད་སྙོམས་ཆས་ཀྱི་གློག་སྒོ་ཕྱེ་རྒྱག་བྱེད་པ།

དྲོད་སྙོམས་ཆས་འཁོར་སྐྱོད་བྱེད་སྐབས་སུ་བྱུང་བའི་གློག་རྒྱུན་ཅུང་ཆེ་བ་དང་། ཡང་ཡང་གློག་སྒོ་ཕྱེ་རྒྱག་བྱེད་ན་གློག་ནུས་ཟད་གྲོན་ཅུང་ཆེ། དུས་ཡུན་གཏན་འཁེལ་དང་གཉིད་ལོག་པའི་བྱེད་ནུས་སྤྱད་དེ། གློག་ཆས་བསྐྱར་སྒུལ་གྱི་ཐེངས་གྲངས་ཇེ་ཉུང་དུ་གཏོང་བ་དང་། མུ་མཐུད་དུ་འཁོར་སྐྱོད་བྱས་ན་ལྷག་ཏུ་གྲོན་ཆུང་ཐུབ།

3.དུས་བཀག་ལྟར་དྲོད་སྙོམས་ཆས་ཀྱི་འཚག་ཆས་དྲ་བ་གཙང་ཕྱི་བྱེད་པ།

དྲོད་སྙོམས་ཆས་ཀྱི་རྡུལ་འགོག་དྲ་བའི་ཐལ་རྡུལ་མང་དྲགས་ན་དྲོད་སྙོམས་རླུང་གཡབ་ཀྱི་འཁོར་སྐྱོད་ལ་གནོད་པ་དང་། གློག་འཛད་ཚད་ཇེ་ཆེར་འགྲོ། གཟའ་འཁོར་2-3རེའི་ནང་དུ་རྡུལ་འགོག་དྲ་བ་ཐེངས་རེ་གཙང་མར་བཀྲུས་ན། དྲོད་སྙོམས་ཆས་ཀྱི་འཁྱག་བཟོའི་ཕན་འབྲས་ལྷག་ཏུ་བཟང་བར་མ་ཟད། བརྒྱ་ཆའི་2-5ཡི་གློག་གྲོན་ཆུང་བྱེད་ཐུབ།

འཁྱགས་སྒམ་གྱི་སྐོར།

1.དུས་བཅད་ལྟར་བད་སེལ་བ།

འཁྱགས་སྒམ་ནང་གི་བད་མཐུག་དྲགས་ན་ཚ་འགོག་ཆེན་པོ་བྱུང་སྲིད་པས་འཁྱག་བཟོའི་ཕན་འབྲས་ལ་ཤུགས་རྐྱེན་ཐེབས་པར་མ་ཟད། འཁྱགས་སྒམ་ལས་གློག་དེ་བས་མང་པོ་འགྲོ་སྲིད། དེ་མིན། འཁྱགས་སྒམ་ལ་ལར་ཆུ་འཕུད་ཆས་ཡོད་པས། གལ་ཏེ་འགག་ན་གློག་མང་པོ་ཟད་གྲོན་འགྲོ་སྲིད། དུས་བཀག་ལྟར་བད་སེལ་བ་དང་། ཆུ་འབུད་ཁུང་གཙང་སེལ་བྱས་ན་གློག་གྲོན་ཆུང་བྱེད་པའི་ནུས་པ་ཁྱད་མཚར་བ་ཡོད།

2. དངོས་པོ་མང་པོ་འཇོག་མི་འོས།

འཁྱགས་སྒམ་ནང་དུ་ཟས་རིགས་80%འཇོག་དགོས་པ་དང་། ཟས་རིགས་ཕྱོགས་བཞིར་ལི་སྨི་1ཡས་མས་ཀྱི་བར་གསེང་འཇོག་དགོས། འཁྱགས་སྒམ་ནང་གི་མཁའ་རླུང་གྲང་མོ་གཏད་རྒྱུག་དང་དྲོད་ཚད་མར་འབབ་ཚད་མགྱོགས་སུ་གཏོང་བ་ཁག་ཐེག་བྱས་ནས་གློག་གྲོན་ཆུང་བྱེད་པའི་དམིགས་ཡུལ་འགྲུབ་པར་བྱེད་དགོས།

3.སྒོ་ཕྱེ་བའི་ཐེངས་གྲངས་དང་དུས་ཚོད་ཉུང་དུ་གཏོང་དགོས།

འཁྱགས་སྒམ་གྱི་སྒོ་ཕྱེ་བའི་དུས་ཚོད་རིང་ཐུང་གིས་ཐད་ཀར་བཙིར་གནོན་འཕྲུལ་ཆས་ཀྱིས་མུ་མཐུད་དུ་ལས་ཀ་བྱེད་པའི་དུས་ཚོད་རིང་ཐུང་དང་འཁྱགས་སྒམ་གྱི་གློག་གྲོན་ཆུང་ཤུགས་རྐྱེན་ཐེབས། འཁྱགས་སྒམ་གྱི་སྒོ་ཕྱེ་ནས་དུས་ཚོད་རིང་པོ་ཟིན་པ་དང་ཡང་ཡང་ཕྱེ་ན་གློག་མང་པོ་ཟད་སྲིད།

ཆུ་བསྲོ་ཆས་ཀྱི་སྐོར།

1. རབ་ཡིན་ན་གློག་ཁུངས་ནས་འབལ་དགོས།

གྲོན་ཆུང་ཅན་གྱི་ཆུ་བསྲོ་ཆས་མིན་དུས། བེད་སྤྱོད་མི་བྱེད་པའི་སྐབས་རབ་ཡིན་ན་གློག་ཁུངས་བལ་ན་ལེགས། བེད་སྤྱོད་བྱེད་སྐབས་ད་གཟོད་སྒོ་ཕྱེ་ཆོག །དེ་ལྟར་བྱས་ན་ཆུ་བསྲོ་ཆས་དུས་ཡུན་རིང་པོར་དྲོད་འཛིན་རྣམ་པར་གནས་པས་གློག་སྟོང་ཟད་དུ་འགྲོ་བ་སྔོན་འགོག་བྱེད་ཐུབ།

2. རྨེ་དབྱུག་ལ་དུས་བཀག་ཞིབ་བཤེར་བྱེད་པ།

དུས་བཀག་ལྟར་ཆུ་བསྲོ་ཆས་ཁྲོད་ཀྱི་རྨེ་དབྱུག་ལ་ཞིབ་བཤེར་དང་བརྗེ་བ་དང་། ཆུ་བསྲོ་ཆས་ནང་གི་ཆུ་དྲེག་གཙང་སེལ་བྱེད་དགོས། དེ་ནས་ཚ་སྣོན་ཕྱོད་ཇེ་མཐོར་བཏང་སྟེ་གློག་ཚད་གྲོན་ཆུང་བྱེད་ཐུབ།

3.གནས་ཚུལ་གཞིགས་ནས་ཆུ་བསྲོ་ཆས་སྒོ་ཕྱེ་རྒྱག་བྱེད་པ།

བེད་སྤྱོད་མ་བཏང་གོང་གི་ཆུ་ཚོད་1-3ནང་གློག་ཁུངས་ཕྱེ་ནས་ཚ་པོ་བཟོས་ཏེ་དུས་ཐོག་ཏུ་བེད་སྤྱོད་དང་ཁ་ཕྱེ་བ་རྒྱུན་འཁྱོངས་བྱེད་པ་དང་། ཆུ་དྲོད་40~60℃བར་སྒྲིག་འཇོག་བྱེད་དགོས།

བརྙན་འཕྲིན་འཕྲུལ་ཆས་ཀྱི་སྐོར།

1. སྒྲ་ཚད་དང་གསལ་ཚད་ཚོད་འཛིན་ཡག་པོ་བྱེད་པ།

བརྙན་འཕྲིན་གྱི་སྐད་ཇི་ལྟར་ཆེ་བ་དང་བརྙན་ཤེལ་གྱི་གསལ་ཚད་ཇི་ལྟར་མཐོ་ན། གློག་གི་འགྲོ་ཤུགས་དེ་བས་ཆེ། དེ་བཞིན་སྒྲ་ཚད་དང་གསལ་ཚད་འོས་འཚམ་གྱིས་ཇེ་དམའ་རུ་གཏོང་ཐུབ་ན། རྣ་བ་དང་མིག་ལ་སྲུང་སྐྱོབ་བྱེད་ཐུབ་ལ་གློག་ཀྱང་གྲོན་ཆུང་བྱེད་ཐུབ།

2. སྤྱོད་མི་དགོས་དུས་གློག་ཁུངས་ནས་འབལ་དགོས།

བརྙན་འཕྲིན་ལ་ལ་ཁ་རྒྱབ་རྗེས། འཕྲུལ་ཆས་ཧྲིལ་པོ་བེད་སྤྱོད་སྒུག་པའི་རྣམ་པར་སྔར་བཞིན་གློག་སྤྱོད་བཞིན་ཡོད། དེར་བརྟེན། ཁ་རྒྱབ་རྗེས་གློག་ཁུངས་ནས་འབལ་དགོས། འདི་ལྟར་བྱས་ན་ནུས་ཁུངས་གྲོན་ཆུང་བྱེད་པར་མ་ཟད་བདེ་འཇགས་ཡིན།

3. འཕྲིན་ལེན་སྒམ་སྒོ་རྒྱག་པ།

འཕྲིན་ལེན་སྒམ་དེ་བེད་སྤྱོད་སྒུག་པའི་རྣམ་པའི་སྐབས་སུ་ཟླ་གཅིག་ལ་གློག་ཏུའུ་༡༠ལྷག་ཟད་གྲོན་བྱེད་ཐུབ། བཀོལ་སྤྱོད་མི་བྱེད་པའི་སྐབས་སུ་འཕྲིན་ལེན་སྒམ་སྟེང་གི་སྒོ་རྒྱག་པ་དང་བསྒར་སྣེ་འབལ་དགོས།

གོས་འཁྲུད་ཆས་ཀྱི་སྐོར།

1. གྱོན་ཆས་མི་འདྲ་བ་རིགས་དབྱེ་ནས་བཀྲུ་བ།

མདོག་བགོས་ནས་འཁྲུད་པ་དང་སྔོན་ལ་དཀར་པོའི་རིགས་དང་དེ་ནས་ཁ་དོག་ཅན་བཀྲུ་དགོས། ཁ་དོག་མི་འདྲ་བའི་ལྭ་བ་རིགས་དབྱེ་ནས་བཀྲུས་ན་གོས་བཀྲུ་བའི་དུས་ཚོད་ཇེ་ཐུང་དུ་གཏོང་བ་དང་། གློག་གྲོན་ཆུང་བྱེད་ཐུབ་ལ་ཆུ་ཡང་གྲོན་ཆུང་བྱེད་ཐུབ།

2. བཙན་འཁྲུད་ཀྱི་རྣམ་པ་སྤྱོད་པ།

དབྱར་དུས་གྱོན་ཆས་འཁྲུ་སྐབས་བཙན་འཁྲུད་ཀྱི་རྣམ་པ་སྤྱད་དེ་གོས་འཁྲུད་ཆས་བསྐྱར་འབྱེད་བྱེད་པའི་ཐེངས་གྲངས་ཉུང་དུ་བཏང་ན་གློག་དེ་བས་གྲོན་ཆུང་བྱེད་ཐུབ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1