༄༅།།བསྟན་པ་རབ་བརྟན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 09-02


 

      དགེ་རྒན་ཆེན་མོ་བསྟན་པ་རབ་བརྟན་ལགས་ནི་1941ལོར་བོད་ལྗོངས་ལྷོ་ཁ་ས་ཁུལ་དུ་འཁྲུངས། 1984ལོར་བོད་ལྗོངས་སློབ་ཆེན་སྒྱུ་རྩལ་ཚན་ཁག་གི་བོད་ཀྱི་སྲོལ་རྒྱུན་མཛེས་རྩལ་ཆེད་ལས་དགེ་རྒན་གྱི་འགན་བཞེས། 1989ལོར་བོད་ལྗོངས་སློབ་ཆེན་དང་རྒྱལ་ཁབ་སློབ་གསོ་ཨུ་ལྷན་གྱི་རྒྱལ་ཡོངས་ཀྱི་སློབ་གཉེར་གྲུབ་འབྲས་ཕུལ་དུ་བྱུང་བའི་བྱ་དགའ་དང་། 1990ལོར་ཝུའུ་ཙུའོ་རེན་གྱི་རྒྱལ་སྤྱིའི་མཛེས་རྩལ་སློབ་གསོའི་ཐེབས་རྩའི་བྱ་དགའ་ཡང་ཐོབ། 1991ལོར་བོད་རང་སྐྱོང་ལྗོངས་ཀྱི་ཕུལ་བྱུང་ཆེད་ལས་པའི་མཚན་སྙན་ཐོབ། ལོ་དེར་སའི་གོ་ལ་ཞེས་པའི་བརྩམས་ཆོས་ལ་ཀྲུང་གོ་དང་འཇར་པན་གྱིས་མཉམ་གཉེར་བྱས་པའི་དུས་བཞིའི་མཛེས་འགྲེམས་ཁྲོད་ཟངས་ཀྱི་བྱ་དགའ་ཐོབ། 1992ལོར་དཔལ་ལྡན་ལྷ་མོ་ཞེས་པའི་བརྩམས་ཆོས་དེར་ཀྲུང་གོའི་སྐབས་གཉིས་པའི་མི་རིགས་རིག་གནས་འགྲེམས་སྟོན་སྟེང་ཕུལ་བྱུང་བརྩམས་ཆོས་ཀྱི་བྱ་དགའ་ཐོབ། 1995ལོར་བོད་ཀྱི་རྩོམ་རིག་སྒྱུ་རྩལ་གྱི་གྲུབ་འབྲས་བྱ་དགའ་ཆེས་མཐོ་ཤོས་ཇོ་མོ་གླང་མའི་རྩོམ་རིག་སྒྱུ་རྩལ་བྱ་དགའ་ཐོབ། 1997ལོར་ཙེང་ཞན་ཙེ་ཡི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་རིམ་པ་གཉིས་པའི་བྱ་དགའ་དང་། བོད་ལྗོངས་མཛེས་རྩལ་མཁས་པའི་ལྷན་ཚོགས་ཀྱི་ལས་འཛིན་དང་བོད་ལྗོངས་དམངས་ཁྲོད་མཛེས་རྩལ་མཁས་པའི་ལྷན་ཚོགས་ཀྱི་ཚོགས་གཙོའི་འགན་བཞེས། ཁོང་གི་བརྩམས་ཆོས«བོད་ཀྱི་རི་མོའི་སློབ་དེབ་ལག་ལེན་ཞུན་ཐིགས»དང་། «བོད་ཀྱི་མཛེས་རྩལ་ལོ་རྒྱུས»«བོད་རྒྱ་དང་རྒྱ་བོད་མཛེས་རྩལ་ཚིག་མཛོད»སོགས་དཔེ་སྐྲུན་གནང་བ་དང་། དཔྱད་རྩོམ་ཁག་20ལྷག་སྤེལ་གནང་ཡོད། 

  

      1999ལོར་ཨ་ཧྥེ་རི་ཁའི་ལྷོ་ཕྱོགས་ཀྱི་རྒྱལ་ཁབ་བཞི་ལ་འཚམས་འདྲི་དང་རྒྱུས་ལོན་དུ་ཕེབས་སྐབས། ཁོང་གི་བརྩམས་ཆོས་ཀྱིས་བོད་ཀྱི་རིག་གནས་སྒྱུ་རྩལ་ཁྱབ་བསྒྲགས་ཐད་བག་ཆགས་ཧ་ཅང་ཆེན་པོ་བཞག་པ་མ་ཟད་འཛམ་གླིང་དུ་སྐད་གྲགས་ཆེས་ཆེ་བའི་ཨེ་ཅིབ་རྟེན་མཛོད་ཁང་གིས་བསྡུ་ཉར་གནང་། 2000ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁོང་ལ་རྒྱལ་ཡོངས་ཀྱི་སྔོན་ཐོན་ལས་བྱེད་པའི་མཚན་སྙན་གནང་། དེ་ཡང་ཁོང་གིས་སྤྱི་ཚོགས་ཐོག་ལོ་ཆུང་བྱིས་པ་གང་མང་ཞིག་རྒྱུ་རྐྱེན་དུ་མའི་དབང་གིས་གཞུང་གི་སློབ་གསོ་མྱོང་ཐུབ་ཀྱི་མེད་པའི་སྣང་ཚུལ་གཟིགས་ཏེ། ལོ་རབས་80པ་ནས་རང་ཁྱིམ་དུ་སློབ་ཡོན་མི་དགོས་པའི་སྒེར་གཉེར་མཛེས་རྩལ་སློབ་གྲྭ་བཙུགས་ཤིང་སྤྱི་ཚོགས་ཐོག་གི་སློབ་ཤོར་བྱིས་པ་མང་པོར་རང་ཁ་གསོ་བའི་ལག་རྩལ་བསླབ། དེ་ལྟར་མི་ལོ་སུམ་བཅུ་ལྷག་གི་རིང་ལ་སློབ་མ་རབས་བཅུ་ལྷག་བསྐྱངས་ཤིང་ཐང་གའི་ལག་རྩལ་ལ་བྱང་ཚད་མཐོ་བའི་དངོས་སློབ་200ལྷག་གསོ་སྐྱོང་གནང་བ་དེ་དག་ནི་བོད་ཀྱི་ཐུན་མ་ཡིན་པའི་རི་མོའི་སྒྱུ་རྩལ་འདི་ཉིད་འཛིན་སྐྱོང་སྤེལ་གསུམ་བྱེད་མཁན་གྱི་རྨང་རྡོ་ཉག་གཅིག་ཏུ་འགྱུར་ཡོད།      ཁོ་ཚོས་སྤྱི་ཚོགས་ཐོག་རང་ཁ་རང་གསོ་ཐུབ་པ་བྱུང་བ་དེས་རྒྱལ་ཁབ་ཀྱི་ཁུར་པོ་ཇེ་ཡང་ཏུ་བཏང་བར་མ་ཟད་སྤྱི་ཚོགས་ཡོངས་ལ་མཛེས་རྩལ་གྱི་ཞབས་འདེགས་ཞུ་བཞིན་པའི་སྣང་ཚུལ་མཐོང་བས་མི་རྣམས་ལ་ཡིད་འགུལ་ཐེབས་ཤིང་ཁོང་གི་བླ་མེད་སྙིང་སྟོབས་དང་ལྷག་བསམ་ལ་སྤྱི་ཚོགས་ཡོངས་ཀྱི་གུས་བཀུར་དང་རྗེས་སུ་ཡིད་རང་ཐོབ། 2007ལོར་རྒྱལ་ཁབ་རིམ་པའི་དངོས་མིན་ཤུལ་བཞག་རིག་གནས་ལས་བོད་ཀྱི་སྨན་ཐང་ལུགས་ཀྱི་རྒྱུད་འཛིན་མཁན་དུ་བསྐོས། 2014ལོར་ཀྲུང་གོ་མཛེས་རྩལ་མཐུན་ཚོགས་ཀྱི་མཛེས་རྩལ་སློབ་གསོ་ཨུ་ཡོན་ལྷན་ཚོགས་སྐབས་དང་པོའི་ཚོགས་མིར་གདམས། ཁོང་གི་མཛད་རྣམ་ཀྲུང་གོའི་དེང་རབས་སྒྱུ་རྩལ་བའི་མི་སྣ་གྲགས་ཅན་གྱི་མཛོད་དང་འཛམ་གླིང་ཧྭ་མི་སྒྱུ་རྩལ་བའི་གྲུབ་འབྲས་རྒྱས་འགྲེམ་མཛོད་ཆེན་སོགས་སུ་གདམས་ཡོད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1