ཁྲེང་ཏུའུ་གྲོང་ཁྱེར་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བཀོད་འདོམས་པུའུ་ཡི་གྲོང་ཁྱེར་ཡོངས་ཀྱི་མི་ཚང་མས་ཉིང་སྐྱུར་ཞིབ་བཤེར་ཚད་ལེན་བྱེད་པའི་སྐོར་གྱི་བརྡ་ཁྱབ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་བརྙན་འཕྲིན། སྤེལ་དུས། 09-02


        མིག་སྔའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནས་བབ་ཧ་ཅང་རྙོག་འཛིང་ཆེ་ཞིང་ཛ་དྲག་ཆེ་བས། རིམས་ནད་འགོས་མཆེད་བཀག་འགོག་མཐའ་གཅིག་ཏུ་བྱས་ཏེ། རྒྱ་ཆེའི་གྲོང་མི་མང་ཚོགས་ཀྱི་གཟུགས་པོ་བདེ་ཐང་འགན་ལེན་ཏན་ཏིག་བྱ་ཆེད། རྒྱལ་ཁབ་དང་ཞིང་ཆེན་གྱི་རིམས་འགོག་ལས་དོན་གྱི་འབྲེལ་ཡོད་བླང་བྱ་གཞིར་བཟུང་། ཁྲེང་ཏུའུ་གྲོང་ཁྱེར་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བཀོད་འདོམས་པུའུ་ཡིས་༢༠༢༢ལོའི་ཟླ་དགུ་པའི་ཚེས་གཅིག་ཉིན་ནས་ཟླ་དགུ་པའི་ཚེས་བཞི་བར་གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་ནས་མི་ཚང་མས་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་བྱ་རྒྱུའི་གཏན་འབེབས་བྱས་པ་དང་། འབྲེལ་ཡོད་དོན་ཚན་བརྡ་ཁྱབ་བཏང་བ་གཤམ་གསལ་ལྟར།

 གཅིག

     གྲོང་ཁྱེར་ཡོངས་ཀྱི་མི་རྣམས་ཀྱིས་ཞིབ་བཤེར་བྱེད་དགོས་པ་རིགས་ངེས་པར་དུ་ཞིབ་བཤེར་བྱེད་པའི་བླང་བྱ་ལྟར་ཚང་མས་ཉིང་སྐྱུར་ཞིབ་བཤེར་ཚད་ལེན་བྱ་དགོས། གྲོང་མི་ཚོས་ས་ཁོངས་དེ་གས་ཁྱབ་བསྒྲགས་བྱས་པའི་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་གྱི་དུས་ཚོད་ལ་དོ་སྣང་བྱས་ཏེ། རང་ཉིད་ཡོད་སའི་སྲང་ལམ་དང་གྲོང་རྡལ།  སྡེ་ཁུལ་དང་གྲོང་ཚོ་བཅས་ཀྱི་བརྡ་ཐོ་གཞིར་བཟུང་། དུས་མཚམས་དབྱེ་ནས་གོ་རིམ་ལྡན་པའི་ངང་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་ནང་ཞུགས་དགོས་པ་དང་འབྲེལ་མི་སྒེར་གྱི་འགོག་སྲུང་ཡག་པོ་བྱས་ནས་ཞིབ་དཔྱད་ཚད་ལེན་བྱས་རྗེས། ལམ་སེང་སྡོད་གནས་སུ་ཕྱིར་ལོག་དགོས། ཉེན་ཁ་ཆེ་འབྲིང་ཁུལ་དང་ཁྱིམ་སྡོད་ལོགས་བཀར་མི་སྣས་འབྲེལ་ཡོད་སྔོན་འགོག་ཚོད་འཛིན་དོ་དམ་གྱི་གཏན་འབེབས་ལྟར་ལག་ལེན་བསྟར་དགོས།


 གཉིས།

     ཟླ་དགུ་པའི་ཚེས་གཅིག་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་དྲུག་ནས་བཟུང་། གྲོང་མི་ཡོངས་རྩ་དོན་ལྟར་ན་ཁྱིམ་སྡོད་བྱ་དགོས་ལ་སྡེ་ཁུལ་དེ་གའི་གྲོང་མི་མ་ཡིན་པ་དག་ནང་དུ་འགྲོ་མི་ཆོག གྲོང་གསེབ་ས་ཁུལ་གྱི་མི་རྣམས་འགྲོ་འོང་བྱེད་པར་ཚོད་འཛིན་ནན་མོ་བྱེད་དགོས་ཤིང་། ཕྱི་ནས་ཡོང་མཁན་རྣམས་ཀྱིས་ངེས་པར་དུ་སྙན་སེང་དབུལ་ནས་ཐོ་འགོད་བྱ་དགོས། འདུས་ཁུལ་ནས་འདུ་འཛོམས་བྱེད་མི་ཆོག་ལ། དུད་ཁྱིམ་རེ་རེས་ཉིན་ལྟར་མི་གཅིག་རེ་ཆུ་ཚོད་ཉེར་བཞིའི་ཉིང་སྐྱུར་སྲིབས་གཤིས་ཀྱི་དཔང་རྟགས་བསྟན་ནས་ཉེ་འགྲམ་དུ་འཚོ་བའི་དངོས་ཟོག་ཉོ་རུ་ཐེངས་གཅིག་འགྲོ་ཆོག། ཕྱི་ལ་སྨན་པ་བསྟེན་པ་དང་དམིགས་བསལ་གྱི་དགོས་མཁོ་ཡོད་པའི་གྲོང་མི་ཡིན་ཕྱིན་སྡེ་ཁུལ་གྱི་ཆོག་མཆན་ཐོབ་རྗེས་འགྲོ་འོང་བྱ་ཆོག

     གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་གི་ལས་ཁུངས་དང་བྱ་གཞག་ཚན་པས་རིམས་འགོག་ལས་འགན་འཁུར་བའི་ལས་དོན་མི་སྣ་མ་གཏོགས་ཚང་མ་ས་གནས་དེ་ནས་སྡེ་ཁུལ་དང་གྲོང་ཚོའི་དང་བླངས་པར་བསྒྱུར་ནས་སྡེ་ཁུལ་གྱི་རིམས་འགོག་ལས་དོན་དང་། སྡེ་ཁུལ་དང་གྲོང་ཚོའི་ཞབས་ཞུའི་ནང་ཞུགས་དགོས་ལ། གྲོང་ཁྱེར་གྱི་གཞི་རྩའི་འཁོར་རྒྱུག་འགན་ལེན་དང་། སྨན་བཅོས་འགན་ལེན །རིམས་འགོག་བཅས་ཀྱི་ལས་འགན་འཁུར་བའི་གྲོང་མིས་གློག་རྡུལ་ལམ་ཡིག་དང་། ལས་ཀའི་ལག་ཁྱེར། ཡང་ན་ལས་ཁུངས་ཀྱི་བདེན་དཔང། དེ་མིན་ཆུ་ཚོད་ཉེར་བཞིའི་ཉིང་སྐྱུར་སྲིབས་གཤིས་ཀྱི་དཔང་རྟགས་བསྟན་ནས་འགྲོ་འོང་བྱ་ཆོག  གྲོང་མི་ཚོར་དམིགས་བསལ་གྱི་དགོས་མཁོ་མེད་ན་ཁྲེང་ཏུའུ་ནས་ཁ་བྲལ་མི་ཆོག་ལ། དགོས་མཁོ་ངེས་ཅན་གྱིས་འགྲོ་དགོས་ཚེ། ཆུ་ཚོད་ཉེར་བཞིའི་ཉིང་སྐྱུར་སྲིབས་གཤིས་ཀྱི་དཔང་རྟགས་བསྟན་ནས་འགྲོ་ཆོག


 གསུམ།

     ཟླ་དགུ་པའི་ཚེས་གཅིག་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་དྲུག་ནས་བཟུང་གྲོང་མིའི་འཚོ་བ་དང་གྲོང་ཁྱེར་གྱི་གཞི་རྩའི་འཁོར་སྐྱོད་འགན་ལེན་བྱེད་པའི་ཆུ་དང་གློག འབར་སྣུམ། འབར་རླངས། འཕྲིན་གཏོང་། ཁོར་ཡུག་འཕྲོད་བསྟེན། འབྲུ་སྣུམ་ཤ་ཚལ་མཁོ་སྤྲོད་སོགས་སྤྱི་པའི་ཞབས་ཞུའི་རིགས་ཀྱི་ཁེ་ལས་དང་དེ་བཞིན་སྒོ་བཀག་ཐོན་སྐྱེད་ཀྱི་ཆ་རྐྱེན་ལྡན་པ་དང་ཐོན་སྐྱེད་ཀྱི་ལས་འགན་གལ་ཆེན་འཁུར་བའི་བཟོ་ལས་ཁེ་ལས་ཕུད། གཞན་དག་ཁེ་ལས་ཀྱིས་ཁྱིམ་ནས་ལས་སྒྲུབ་བྱེད་དགོས། གྲོང་མིའི་གཞི་རྩའི་དགོས་མཁོ་འགན་ལེན་བྱེད་པའི་འཚོ་བའི་སྒོ་རྩིས་ཚོང་ཁང་དང་ཞིང་ཞོར་ཉོ་ཚོང་ཁྲོམ་ར་དང་། སྨན་ཚོང་ཁང་། སྨན་བཅོས་སྒྲིག་གཞི། སྔོ་ཚོད་མྱུར་སྐྱེལ། དྲ་ཐོག་ཚོང་དོན་མྱུར་སྐྱེལ། བཟའ་བཏུང་རིགས་ཀྱི་ཁེ་ལས་ཀྱིས་མྱུར་སྐྱེལ་ཕྱིར་ཚོང་ཞབས་ཞུ་མཁོ་འདོན་མི་བྱེད་པ་སོགས་ཕུད། དེ་མིན་གྱི་ལས་གཉེར་བྱ་ཡུལ་དང་ཚོང་ཁང་དག་གནས་སྐབས་ཚོང་གཉེར་བྱེད་མཚམས་འཇོག་དགོས། ལས་བཟོ་བས་ངེས་པར་དུ་དུས་ཚོད་ཉེར་བཞིའི་ཉིང་སྐྱུར་སྲིབས་གཤིས་དཔང་རྟགས་བཟུང་ནས་ལས་ཞུགས་བྱ་དགོས།


 བཞི།

      སྤྱི་སྤྱོད་རླངས་འཁོར་དང་ས་འོག་ལྕགས་ལམ་གྱི་འཁོར་སྐྱོད་ཐེངས་གྲངས་ལེགས་སྒྲིག་བྱས་ནས་གྲོང་ཁྱེར་གྱི་གཞི་རྩའི་འཁོར་སྐྱོད་འགན་སྲུང་དང་། རིམས་འགོག་གི་ལས་འགན་སྒྲུབ་འགན་འཁུར་བ། དམིགས་བསལ་གྱི་དགོས་མཁོ་བཅས་ཀྱི་གྲོང་མིས་ཆུ་ཚོད་ཉེར་བཞིའི་ཉིང་སྐྱུར་སྲིབས་གཤིས་དཔང་རྟགས་བསྟན་ནས་སྤྱི་པའི་འགྲིམ་འགྲུལ་ལ་སྡོད་དགོས། གླ་གཏོང་རླངས་འཁོར་དང་མཉམ་སྤྱོད་རྐང་འཁོར་རྒྱུན་མི་ཆད་པར་འཁོར་སྐྱོད་བྱ་རྒྱུ་ཡིན་ལ། ཁྲེང་ཏུའུ་རུ་ལོག་མཁན་ཚོས་སི་ཁྲོན་དུ་ཐོན་མ་ཐག་འཕྲལ་མར་ཞིབ་བཤེར་བྱས་རྗེས། ཡོང་སའི་ས་གནས་ཀྱི་ཆུ་ཚོད་ཞེ་བརྒྱད་ཀྱི་ཉིང་སྐྱུར་སྲིབས་གཤིས་དཔང་རྟགས་བསྟན་ནས་སྤྱི་པའི་འགྲིམ་འགྲུལ་ལ་སྡོད་ཆོག


 ལྔ།

      ཆུས་དང་གྲོང་ཁྱེར། རྫོང་། སྲང་ལམ། གྲོང་རྡལ། སྡོད་ཁུལ། གྲོང་ཚོ་ཁག་གིས་ཆེད་དོན་དཔུང་ཁག་བཙུགས་ནས་དུས་ཐོག་ཏུ་གྲོང་མིའི་དགོས་མཁོར་ཞབས་ཞུ་དང་འགན་སྲུང་བྱེད་དགོས་པ་དང་། ལྷག་པར་དུ་རྒན་རྒོན་ཁེར་འདུག་དང་དབང་པོ་སྐྱོན་ཅན། སྦྲུམ་མ་སོགས་དམིགས་བསལ་མི་ཚོགས་ལ་སེམས་ཁུར་དང་གཅེས་སྐྱོང་ཡག་པོ་བྱ་དགོས།

      རྒྱ་ཆེའི་གྲོང་མི་མང་ཚོགས་དང་ཁེ་ལས་དང་བྱ་ལས་སྡེ་ཚན་གྱིས་ཁྲེང་ཏུའུ་ཡི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་བསམ་ཤེས་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

     གལ་ཏེ་མང་ཚོགས་ལ་དགོས་མཁོ་ཡོད་ཚེ་གྲོང་ཁྱེར་འགོ་འཛིན་གྱི་ཐད་སྦྲེལ་ཁ་པར་ཨང་གྲངས་123345ལ་ཁ་པར་གཏང་ཆོག།

 ཆེད་དུ་བརྡ་ཁྱབ་འདི་སྤེལ་བ་ཡིན་པས་ཐུགས་འཇགས་འཚལ།


ཁྲེང་ཏུའུ་གྲོང་ཁྱེར་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བཀོད་འདོམས་པུའུ་ནས། 

 

༢༠༢༢ལོའི་ཟླ་དགུ་པའི་ཚེས་གཅིག་ཉིན་ལ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1