རིམས་འགོག་གི་འཐབ་ས་དང་པོར་ཏང་དར་ལྷབ་ལྷུབ་ཏུ་གཡོ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 09-05



—— བོད་ལྗོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་ཏང་ཡོན་གྱིས་རིམས་འགོག་ཁྲོད་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱས་པ། 


 

འདི་ནི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་ཁང་དམར་རྫོང་ཀ་ལ་ཤང་གི་ལས་དོན་མི་སྣས་གཏོགས་ཁོངས་སུ་དུག་སེལ་བྱེད་བཞིན་པ། 


        ཉིན་ཤས་བསྟུད་མར་བོད་ལྗོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཆབ་སྲིད་ཀྱི་ལེགས་ཆ་དང་རྩ་འཛུགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱས་པ་དང་། རྒྱ་ཆེའི་ཏང་ཡོན་ཚོས་བཀའ་ཐོས་འཕྲལ་བྱ་སྤྱོད་སྤེལ་བ་དང་བཀའ་ཉན་ནས་བྱ་སྤྱོད་སྤེལ་བ། སྡེ་ཁུལ་དུ་སྐྱོད་པ་དང་། གཞི་རིམ་དུ་སྐྱོད་པ། ཐོབ་ཐང་གསལ་པོ་སྟོན་པ། གདོང་མཆོང་བྱེད་པ། ལེགས་སྐྱེས་འབུལ་བ་བཅས་བྱས་ཏེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཚར་གཅོད་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ཐོབ་པ་བྱས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་དང་པོར་ཏང་དར་ལྷབ་ལྷུབ་ཏུ་གཡོ་བར་བྱས་ཡོད།


 ཏང་ཡོན་གྱི“འགན་ལེན་གསུམ”གྱི་དྲ་བ་དམ་ཚགས་བཟོས་པ།


        རིམས་ནད་ནི་བཀའ་རྒྱ་དང་སྔོན་འགོག་དང་ཚོད་འཛིན་བྱ་རྒྱུ་ནི་འགན་འཁྲི་ཞིག་ཡིན། བོད་ལྗོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བའི་འདུ་ཤེས་དེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ཚང་མར་ཁྱབ་པར་བྱས་ཤིང་། ཏང་ཡོན་གྱི“འགན་ལེན་གསུམ”གྱི་ལས་དོན་དང་ཟུང་འབྲེལ་གྱིས་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་ཡུག་ཁུལ་གྱི་འགན་གཙང་བླངས་པ་དང་རྫོང་དང་ཤང་ཚན་ཁག་གི་ཁོངས་མིས་གྲོང་ཚོའི(སྡེ་ཁུལ)འགན་གཙང་བླངས་ཏེ། ལས་ཁུངས་དང་། ཁེ་ལས། བྱ་གཞག་ཚན་པ་བཅས་ཀྱི་ཏང་ཡོན་ལས་བྱེད་པ་དང་། གྲོང་ཚོ(སྡེ་ཁུལ)“ཨུ་ལྷན་གཉིས”ཀྱི་ལས་བྱེད་པ། གྲོང་སྡོད་ལས་བྱེད་པ་སོགས་ཕྱོགས་ཁག་གི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་དང་པོ་བརྟན་སྲུང་བྱས་པ་རེད།

        བོད་ལྗོངས་ནག་ཆུ་གྲོང་ཁྱེར་གྱིས་ཏང་འཛུགས་སྐྱོང་ལ་བརྟེན་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་ཁྲིད་སྟོན་བྱ་རྒྱུ་མཐའ་འཁྱོངས་ཀྱིས་གྲོང་ཚོ(སྡེ་ཁུལ)“ཨུ་ལྷན་གཉིས”དང་། “གཉིས་ལྡན་དུད་སྦྲེལ”གྲོང་སྡོད་ལས་དོན་རུ་ཁག “གྲོང་ཚོ་རེར་ཉེན་རྟོག་པ་རེ”རིགས་ཁག་གི་ཆེད་ལས་མི་སྣ་སོགས་ཚོགས་སྤྱིའི་མང་ཚོགས་དང་ཐད་ཀར་འབྲེལ་གཏུག་དང་ཞབས་འདེགས་ཞུ་བའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། གྲོང་ཚོ་དང་དུད་ཚང་དུ་བསྐྱོད་ནས་སྲིད་ཇུས་སྒྲོག་འགྲེལ་དང་མི་མངོན་པའི་རྐྱེན་ངན་གྲལ་བཤེར་ཐེངས་8000ལྷག་ཙམ་བྱས་ཏེ་མང་ཚོགས་ལ་དཀའ་ངལ་དངོས་3000ལྷག་ཙམ་ཐག་གཅོད་བྱེད་རོགས་བྱས་པ་རེད།


 གནས་སྐབས་ཏང་རྩ་འཛུགས་བཙུགས་པ།

        ཉིན་ཤས་བསྟུད་མར། བོད་ཀྱི་ས་གནས་ཁག་གིས་སྒྲོམ་ཚང་སྨན་ཁང་དང་གྲོང་ཚོའི(སྡེ་ཁུལ)འགོག་སྲུང་ས་ཚིགས་སོགས་སུ་གནས་སྐབས་ཏང་རྩ་འཛུགས་འཛུགས་པ་དང་ཏང་ཡོན་གྱི་དམ་བཅའ་འཇོག་པའི་བྱེད་སྒོ་གཅིག་རྗེས་གཉིས་མཐུད་ངང་སྤེལ་ནས་འཐབ་ས་དང་པོའི་གནས་སྐབས་ཏང་རྩ་འཛུགས་1984བཙུགས་པ་རེད།

        ཁོང་ཚོས་བོད་ལྗོངས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཁྲི་2.2དང་མཉམ་དུ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ནས་རིམས་ནད་ལ་འཐབ་པའི་དུང་བརྡ་བཏང་སྟེ་བོད་ལྗོངས་ཀྱི་རྒྱ་ཆེའི་ཏང་ཡོན་གྱི་སྣེ་ཁྲིད་དེ་སེམས་ཐག་ཆོད་པོས་འཐབ་ས་མདུན་མར་འབད་འཐབ་བྱས་པ་རེད། ཏང་ཡོན་ཁྲི་25.3ལྷག་ཙམ་གྱིས་ཉིན་མཚན་མེད་པར་རིམས་འགོག་གི་འཐབ་ས་དང་པོ་བརྟན་སྲུང་བྱས་ནས། ཏང་རྩ་འཛུགས་དང་ཏང་གི་ལས་དོན་ནུས་ལྡན་ངང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་དང་པོར་ཁྱབ་པར་བྱས་པ་རེད།

        བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གྱིས་རྒྱལ་ལམ་318ལམ་ཐིག་ཏུ་བཙུགས་པའི་གནས་སྐབས་ཏང་ཀྲི་པུས“ཏང་འཛུགས་སྐྱོང་དང་རིག་གནས་ཡུལ་སྐོར”ཟུང་དུ་འབྲེལ་བ་བརྗོད་དོན་གཙོ་བོར་བྱས་ནས་གཅེས་སེམས་ཁ་ལག་སྐྱེལ་བ་དང་དྲོ་སྐྱིད་སྦྱིན་པའི་བྱེད་སྒོ་སྤེལ་བ་དང་། ཏང་ཡོན་མི་ཐེངས་ཁྲི་3ལྷག་ཙམ་བཀོད་སྒྲིག་བྱས་ཏེ་ཡུལ་སྐོར་བར་རིན་མེད་བཟའ་བཅའ་དང་རིམས་འགོག་དངོས་ཟོག་མཁོ་འདོན་བྱས་པ་དང་གཅེས་སེམས་ལ་བརྟེན་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི“སེམས་འབྲེལ་ཟམ་པ”བཙུགས་པ་རེད།


 ཏང་ཡོན་གྱི་འགན་འཁྲིའི་ལས་གནས་བཙུགས་པ།


        བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱིས་གྲོང་ཁྱེར་ཡོངས་ཀྱི་ཏང་ཡོན་ཁྲི་3ལྷག་ཙམ་སྐུལ་སློང་བྱས་ཏེ་གདོང་མཆོང་བྱེད་པ་དང་རང་འགུལ་ངང་བྱ་སྤྱོད་སྤེལ་ཞིང་། རིམས་ནད་དང་དམག་འཐབ་ཀྱི་འཐབ་ས་དང་པོར་ཏང་ཡོན་གདོང་ལེན་རུ་ཁག་དང་ཏང་ཡོན་འཕྲལ་རྒོལ་རུ་ཁག་1391བཙུགས་པ་དང་། ཏང་ཡོན་གྱི་གདོང་ལེན་ལས་གནས་1435བཙུགས་པ། རྒྱ་ཆེའི་ཏང་ཡོན་ཚོས་དཔའ་ངར་ཆེར་སྐྱེད་ཀྱིས་རང་འགུལ་ངང་དམག་འཐབ་ནང་ཞུགས་པ། རིམས་འགོག་གི་ལས་འགན་ལྕི་པོ་ཏན་ཏིག་ངང་འཁུར་བ་བཅས་བྱས་ནས་རིམས་ནད་ཀྱི་འཐབ་ས་དང་པོར་ཉམས་འགྱུར་མངོན་པ་དང་གཟུགས་བརྙན་བཟང་པོ་བཏོད་པ་རེད།


        བོད་རང་སྐྱོང་ལྗོངས་ཚན་རྩལ་ཐིང་གི་ཏང་ཡོན་ལས་བྱེད་པ་དང་དང་བླངས་པ་17གྱིས་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ནས་སྡེ་ཁུལ་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་དང་པོར་ཧུར་ཐག་ཞུགས་ཏེ། ཉིང་སྐྱུར་གྱི་མ་དཔེ་ལེན་པ་དང་། སྒྲིག་ལམ་སྲུང་བ། ཐོ་འགོད་བརྟག་དཔྱད་སོགས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་གཞོགས་འདེགས་བྱས་ནས་ཉིན་རེར་ཉིང་སྐྱུར་བརྟག་དཔྱད་དང་ཕབ་འཇུག་བྱེད་ཚད་མི་ཐེངས་2000ལྷག་ཙམ་ཟིན་པ་དང་། དུད་ཚང་དུ་བསྐྱོད་དེ་ཨང་རྟགས་དམར་པོ་412གྲལ་བཤེར་བྱས་པ། ཁུལ་ཆུང་7ལ་འཚོ་བའི་དངོས་ཟོག་2200ལྷག་ཙམ་སྤྲད་པ། དུད་ཚང་214ཡི་མི་383ལ་འབྲས་དང་། གྲོ་ཞིབ། སྣུམ། ཚལ་སོགས་ཀྱི་འཚོ་བའི་དངོས་ཟོག་1200ལྷག་ཙམ་ཉོ་རོགས་བྱས་པ་རེད།


        རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་དང་པོར་རྒྱ་ཆེའི་ཏང་ཡོན་ཚོས་ཏང་རྟགས་དང་དཔུང་རྟགས་བཏགས་པ་དང་ཁན་སྦྱར་དམར་པོ་གྱོན་ཏེ་ཉེན་ཁ་ཆེ་ཤོས་སུ་བསྐྱོད་ནས་ལས་འགན་ལྕི་ཤོས་དང་ཛ་དྲག་ཤོས་དང་ལེན་བྱེད་ཀྱི་ཡོད། “ང་ནི་ཏང་ཡོན་ཡིན་པས་ངས་སྔོན་ལ་ལས་འགན་འཁུར་གྱི་ཡིན”ཞེས་པ་དེ་དམག་འཐབ་ཀྱི་དམ་བཅར་གྱུར་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1