ཡུལ་ཤུལ་དུ་བོད་སྨན་གྱིས་ཏོག་གསར་རིམས་ནད་སྨན་བཅོས་བྱེད་འགོ་ཚུཊ་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 09-06


 

      ཉེ་ཆར། ཡུལ་ཤུལ་ཁུལ་གྱི་ཏོག་གསར་གློ་ཚད་རིམས་ནད་སྨན་བཅོས་བྱེད་པའི་སྨན་ཁང་ཁག་གིས་ནད་དུག་འགོས་པའི་ནད་པར་སྨན་བཅོས་བྱེད་རིང་། ཀྲུང་(བོད)ཕྱི་ལུགས་ཀྱི་གསོ་རིག་ཟུང་འབྲེལ་དང་མཉམ་སྤྱོད་བྱ་རྒྱུ་མཐའ་འཁྱོངས་བྱས་པ་དང་། བོད་ལུགས་གསོ་བ་རིག་པ་ཕྱོགས་ཡོངས་ནས་ནད་བརྟག་སྨན་བཅོས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ནང་ཡོངས་སུ་བེད་སྤྱད་པས། ནད་གཞི་ཡང་བ་དེ་ནད་གཞི་ལྕི་པོར་ཆགས་པ་དང་ནད་གཞི་ལྕི་བ་དེ་ཚབས་ཇེ་ཆེར་འགྲོ་བའི་ཉེན་ཁ་ཇེ་ཆུང་དུ་བཏང་བ་མ་ཟད་དྲག་སྐྱེད་བྱུང་ཚད་ཀྱང་ཇེ་མཐོར་ཕྱིན་ཡོད་ལ། ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱེད་པའི་བརྒྱུད་རིམ་ཁྲོད་ཀྲུང་(བོད)ཕྱི་ལུགས་ཀྱི་གསོ་རིག་གཉིས་མཉམ་འདྲེས་སྐྱོབ་བཅོས་བྱས་པའི་ཕན་འབྲས་ཆེན་པོ་ཐོན་ཡོད།

 

      ཡུལ་ཤུལ་ཁུལ་སྨན་རྩིས་ཁང་གི་འགོ་འཛིན་རིག་གསལ་གྱིས།རེས་སྐོར་འདིའི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་། ཡུལ་ཤུལ་ཁུལ་གྱིས་ཀྲུང་(བོད)ཕྱི་ལུགས་ཀྱི་གསོ་རིག་གཉིས་ཟུང་འབྲེལ་མཉམ་སྤྱོད་བྱ་རྒྱུ་མཐའ་འཁྱོངས་བྱས་པ་དང་། བོད་ལུགས་གསོ་རིག་སྨན་རྫས་ཀྱི་ཁྱད་ལྡན་ལེགས་ཆ་འདོན་སྤེལ་བྱས་པ། བོད་སྨན་གྱི་རིགས་གཅིག་མཁས་ཅན་སྒྲིག་འཛུགས་ཀྱིས་བོད་ལུགས་སྨན་བཅོས་ཀྱི་ནད་བརྟག་སྨན་བཅོས་ཇུས་གཞི་གསར་ཤོས་ལ་ཞིབ་འཇུག་དང་ཞིབ་བཤེར་གཏན་འབེབས་བྱས་པ། དེ་བཞིན་བོད་སྨན་གྱི་ནད་དཔྱད་ལམ་སྲོལ་བཙུགས་ཏེ་ནད་དཔེ་མི་འདྲ་བར་རིགས་དབྱེ་མཛུབ་ཁྲིད་དང་རིགས་དབྱེ་ནད་བརྟག་སྨན་བཅོས་བྱས་པ། གང་ལ་དེ་འཚམ་ལྟར་སྨན་བཅོས་བྱས་པ་བཅས་མ་ཟད། མི་གཅིག་ལ་ལུགས་གཅིག་ཅེས་པའི་སྨན་བཅོས་ཀྱི་བླང་བྱ་གཞིར་བཟུང་། ནད་པའི་གཟུགས་གཞི་མི་འདྲ་བར་དམིགས་ནས་བོད་སྨན་གྱིས་སྤྱོད་ཤུགས་ཆེ་ཆུང་སྤྱད་དེ་ནད་པར་འཕྲུལ་ཐང་། གཙོ་བོ་ཉེར་ལྔ། ཨ་གར་སོ་ལྔ་སོགས་བོད་སྨན་སྤྲད་པས་ཕན་འབྲས་ཅུང་ཡག་པོ་ཐོན་ཡོད་ཅེས་ངོ་སྤྲོད་གནང་བ་རེད།

 

      མིག་སྔར་ཏོག་གསར་གློ་ཚད་ཕོག་པ་གཏན་འཁེལ་བའི་ནད་པ་3དང་། ནད་དུག་འགོས་ཀྱང་ནད་རྟགས་མངོན་མེད་པའི་མི་10བཅས་ལ་བོད་སྨན་གྱིས་སྨན་བཅོས་བྱེད་བཞིན་ཡོད། དེའི་ནང་བོད་སྨན་རྐྱང་པ་སྤྱོད་མཁན་མི་5དང་ཀྲུང་(བོད)ཕྱི་ལུགས་ཀྱི་གསོ་རིག་ཟུང་འབྲེལ་བྱས་ནས་སྨན་བཅོས་བྱེད་མཁན་མི་8ཡོད་པ་དང་།དེ་བཞིན་ནད་པ་རེ་རེའི་ནད་གཞིའི་འགྱུར་ལྡོག་ལ་གཞིགས་ནས་དུས་ཐོག་ཏུ་ལེགས་སྒྲིག་བྱས་ཡོད། མིག་སྔར་བོད་སྨན་གྱི་སྨན་བཅོས་དང་ལེན་བྱེད་མཁན་མི་3དང་ཀྲུང་(བོད)ཕྱི་ལུགས་ཀྱི་གསོ་རིག་གི་སྨན་བཅོས་དང་ལེན་བྱེད་མཁན་མི་4བཅས་སྨན་ཁང་ནས་དོན་ཟིན། འདི་ནི་ཡུལ་ཤུལ་ཁུལ་གྱི་ཏོག་གསར་གློ་ཚད་ཕོག་པའི་ནད་པར་བོད་ལུགས་གསོ་རིག་གི་སྨན་བཅོས་དངོས་སུ་སྤྱོད་ཐེངས་ཐོག་མ་དེ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1