སྐར་ཆ་རེ་ཡང་དམ་དུ་བཟུང་ནས་རོགས་སྐྱོབ་བྱེད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་བརྙན་འཕྲིན་ཁང་། སྤེལ་དུས། 09-08



 

     ཟླ་བ་དགུ་པའི་ཚེས་ལྔ་ཉིན་གྱི་ཉིན་གུང་གི་ཆུ་ཚོད་བཅུ་གཉིས་དང་སྐར་མ་ང་གཉིས་ཐོག  དཀར་མཛེས་ཁུལ་ལྕགས་ཟམ་རྫོང་གི་མངའ་ཁོངས་སུ་རིམ་པ་དྲུག་ཚེག་བརྒྱད་ཀྱི་ས་འགུལ་བྱུང་རྗེས། ཕྱོགས་སོ་སོའི་རོགས་སྐྱོབ་མི་སྣ་དུས་ཐོག་ཏུ་ས་འགུལ་བྱུང་ཡུལ་དུ་སོང་ནས། ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་དང་མཉམ་དུ་དུས་ཚོད་དམ་འཛིན་བྱས་ནས་རོགས་སྐྱོབ་བྱས་པ་རེད།

 

      དཀར་མཛེས་དང་ཁྲེང་ཏུའུ། གཡག་རྔ། ཏེ་དབྱང་། མེན་དབྱང་། ལིའང་ཧྲན། ཙི་དབྱང་། ལེ་ཧྲན། མེ་ཧྲན། ཕན་ཀྲི་ཧྭ། ཞུས་པའོ་བཅས་ཀྱི་མེ་གསོད་རོགས་སྐྱོབ་མི་སྣ་ཆིག་སྟོང་བརྒྱ་མེད་གྱ་དྲུག་དང་། མེ་གསོད་རླངས་འཁོར་ཉིས་བརྒྱ་རེ་བརྒྱད།  འཚོལ་སྐྱོབ་ཁྱི་བཅུ་བདུན། གྲུ་གཟིངས་སོ་བཞི་བཅས་ལས་གྲུབ་པའི་མེ་གསོད་རོགས་སྐྱོབ་སྟོབས་ཤུགས་ཀྱིས་སི་ཁྲོན་ཞིང་ཆེན་མེ་གསོད་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གི་གཅིག་གྱུར་བཀོད་འདོམས་དང་བཀོད་སྒྲིག་འོག ཁག་བགོས་ཏེ་ཕྱོགས་སོ་སོ་ནས་གནོད་སྐྱོན་ཐེབས་ཡུལ་དུ་སོང་ནས།   ལྕགས་ཟམ་དང་ཧྲི་མོན་གྱི་རི་ཁུལ་དང་གྲོག་རོང་། བར་སྣང་།  ཆུ་རྒྱུན་དྲག་པོ་འབབ་ས་བཅས་ནས།  ཚེ་སྲོག་སྐྱོབ་གང་ཐུབ་བྱས་པ་དང་།  ཆུ་བོ་དང་རི་བོ་བརྒལ་ནས། མི་སེམས་འགུལ་བའི་གཏམ་རྒྱུད་མང་པོ་བསྐྲུན་པ་རེད།

 

 དུས་ཚོད་སྐར་མ་རེ་ཡང་རྩ་ཆེན་རེད།


     ངས་ཁོ་མཐོང་སོང་། ཁོ་མཐོང་སོང་། ཚེས་ལྔ་ཉིན་གྱི་ཕྱི་དྲོར། དུང་དཀར་ལུང་པའི་མཛེས་ཁུལ་གྱི་གནོད་སྐྱོན་ཚབས་ཆེན་ཐེབས་པའི་མགྲོན་ཁང་ཞིག་གི་བརྩེགས་རིམ་གསུམ་པའི་པང་ལེབ་དང་བརྩེགས་རིམ་གཉིས་པའི་བར་གསེང་དུ།  ཀྲུའུ་ཀང་དང་རུ་མི་ཚོས་བཀག་ལུས་ཐེབས་པའི་མི་ཞིག་བསྐྱབས་ཐུབ་ཡོད། ངལ་གསོ་ཁོམ་སྤུ་ཙམ་ཡང་མེད་པར་ཁོ་ཚོ་དེ་མ་ཐག་ཏུ་རོགས་སྐྱོབ་བྱ་ཡུལ་རྗེས་མར་སོང་བ་རེད།   མཐའ་འཁོར་དུ་ཡོད་པའི་མི་སེར་གྱི་རོགས་སྐྱོབ་རེ་ཞུའི་འབོད་སྒྲ་རྣ་ལམ་དུ་ཡང་ཡང་གྲགས། ཀྲུའུ་ཀང་གིས་དེ་དུས་ཀྱི་གནས་ཚུལ་ཕྱིར་དྲན་བྱེད་དུས་ངས་བསམ་བློ་གཏོང་ཁོམ་མ་བྱུང་། མི་ཚེ་འདིར་ཐེངས་དང་པོར་སྐར་ཆ་རེ་ཡང་ཧ་ཅང་རྩ་ཆེན་ཡིན་པར་འདོད་ཟེར།


     ཀྲུའུ་ཀང་ཡོད་སའི་དཀར་མཛེས་ཁུལ་མེ་གསོད་རོགས་སྐྱོབ་ཡན་ལག་རུ་ཁག་གི་དུང་དཀར་ལུང་པའི་མཛེས་ཁུལ་རུ་ཆེན་ནི་ས་འགུལ་བྱུང་བའི་འགུལ་ལྟེ་འབོ་ཞབས་གྲོང་རྡལ་དུ་ཡོད་པའི་ཆེད་ལས་རོགས་སྐྱོབ་སྟོབས་ཤུགས་གཅིག་པུ་རེད།  ས་འགུལ་བྱུང་རྗེས།  ཁོང་གིས་དེ་མ་ཐག་ཏུ་རུ་ཁག་སྒྲིག་འཛུགས་བྱས་ནས་རོགས་སྐྱོབ་བྱས་པ་རེད། 


     མེ་གསོད་རླངས་འཁོར་ལམ་ལ་ཆས་ནས་སྐར་མ་ཁ་ཤས་འགོར་རྗེས།  མང་ཚོགས་ཀྱིས་མགྱོགས་པ་གྱིས།  ཏ་ཞི་དབྱིན་ཧྭ་མགྲོན་ཁང་གི་བཀོད་པ་ལ་གནོད་སྐྱོན་ཐེབས་ནས།  མི་ཞིག་འོག་ཏུ་སྦས་འདུག་ཅེས་རེ་ཞུ་ཞུ་བ་དང་འཕྲད།  ཀྲུའུ་ཀང་གིས་རུ་མི་ཁྲིད་ནས་མྱུར་དུ་ཡུལ་དངོས་སུ་སོང་། ཞིག་རོའི་འོག་ཏུ་ན་གཞོན་བུད་མེད་ཅིག་སྦས་འདུག  མོའི་ཁྱོ་གས་པུས་མོ་ས་ལ་བཙུགས་ནས་ལག་པ་གཉིས་ཀྱིས་ཞིག་རོའི་ནང་གི་སོ་ཕག་ལེན་བཞིན་སྐད་གསང་མཐོན་པོས་མེ་གསོད་རུ་མི་ཚོ་ལ་མོ་འདི་ན་འགི ངས་ད་དུང་མོ་ལ་སྐད་ཆ་བཤད་བཞིན་ཡོད་ཟེར།


     ཁང་པའི་ཟུར་ཞིག་ཏུ་བཀག་ལུས་ཐེབས་མཁན་གྱི་མགོ་མ་གཏོགས་ལུས་པོ་ཚང་མ་སོ་ཕག་གིས་མནན་ཡོད། སྟབས་ལེགས་པ་ཞིག་ལ་རིག་པ་གསལ་པོ་ཡོད། རོགས་སྐྱོབ་ནང་ཞུགས་མཁན་མེ་གསོད་རུ་མི་ཧོང་ཞའོ་པའོ་ཡིས་ང་ཚོས་དང་པོར་མགོ་ཡོད་ས་གཡོལ་ནས་ཡོ་བྱད་སྤྱོད་ཐུབ་པའི་རོགས་སྐྱོབ་ཁུལ་ཞིག་གཙང་བཤེར་བྱེད་པ་དང་། དེ་ནས་འདེགས་སྐྱོར་འགོག་སྲུང་ཡག་པོ་བྱས་ནས་ངར་ལྕགས་དང་ཨར་འདམ་པང་ལེབ་བཅད་པ་ཡིན་ཞེས་བཤད།


     བུད་མེད་ཀྱིས་སེམས་འགུལ་ཐེབས་པའི་ངང་བཀའ་དྲིན་ཆེ། ངའི་ལས་གྲོགས་གསུམ་ད་དུང་ཕྱི་ལ་འགྲོ་ཐུབ་མེད་པར་དེ་གར་བཀག་ལུས་ཐེབས་ཡོད་པས། ཁྱེད་ཚོས་ཁོ་ཚོ་སྐྱོབ་རོགས་གནང་ཞེས་ཟེར། ཧོང་ཞའོ་པའོ་ཡིས་བཀག་ལུས་ཐེབས་པའི་བུད་མེད་ལ་ཁོ་ཚོ་སྐྱོབ་བཞིན་ཡོད་པས་བློ་བདེ་མོ་གྱིས། ཁྱེད་ཚོ་ཚང་མ་སྐྱོབ་ཐུབ་ངེས་རེད་ཅེས་སེམས་གསོ་བྱེད་བཞིན་དུ་དུས་ཚོད་དམ་འཛིན་བྱས་ནས་རོགས་སྐྱོབ་ནང་ཞུགས་པ་རེད།


     དུས་ཚོད་སྐར་ཆ་རེ་རེ་བཞིན་འདས་པ་དང་བསྟུན་ཞིག་རོ་ཡང་རིམ་བཞིན་གཙང་བཤེར་བྱས་ཚར། ། ཆུ་ཚོད་ཁ་ཤས་རིང་རོགས་སྐྱོབ་བྱས་པ་བརྒྱུད་མེ་གསོད་རུ་མི་ཚོས་བཀག་ལུས་ཐེབས་པའི་བུད་མེད་དང་དེའི་ལས་གྲོགས་གསུམ་བདེ་བླག་ངང་སྐྱོབ་ཐུབ་ཡོད། དེ་ནས་རོགས་སྐྱོབ་ལས་ཀ་རྗེས་མའི་ནང་ཞུགས་པ་རེད།

 

 མང་ཚོགས་ཕྱི་ལ་སོང་། ང་ཚོ་ནང་ལ་འགྲོ།


     ཚེས་ལྔ་ཉིན་གྱི་ཕྱི་དྲོ་ནས་ས་སྲིབ་བར།  ཕྱོགས་སོ་སོའི་རོགས་སྐྱོབ་མི་སྣ་གཅིག་རྗེས་གཉིས་མཐུད་ངང་ས་འགུལ་བྱུང་ཡུལ་དུ་འབྱོར། རེད་དེ་འགྲན་སློང་དང་འཕྲད་མ་ཐག་པ་རེད།  ས་འགུལ་བྱུང་རྗེས་རི་ཉིལ་ནས་ས་འགུལ་བྱུང་ཡུལ་གྱི་གྲོང་རྡལ་དང་གྲོང་ཚོ་སོ་སོའི་ལམ་བཅད་པ་རེད།  འགུལ་ལྟེ་འབོ་ཞབས་གྲོང་རྡལ་ཡོད་ས་ལས་སྤྱི་ལེ་ལྔ་རྒྱང་བའི་ཀུང་ཏུའུ་ཟམ་པ་རྡིབ་ནས་འགྲོ་ལམ་རྦད་དེ་ཆད། 


     མདུན་གྱི་ལམ་ཆད་པས་རླངས་འཁོར་འགྲོ་ཐབས་མེད།  མཉམ་དུ་འཛོམས། སྒྲིག་ཆས་ལེགས་སྒྲིག་བྱས་ནས་རྐང་ཐང་དུ་འགྲོ་ཞེས་བཀའ་དང་བསྟུན། རུ་མི་ཚོ་ལམ་འགྲམ་གྱི་གཟར་ངོས་ཤིག་བརྒལ་ནས་མདུན་དུ་སྐྱོད་རྩིས་ཡོད།  ལུས་པོ་བདེ་ལྕག་ཅན་གྱི་རུ་མི་ཁ་ཤས་ཀྱིས་སྒྲིག་ཆས་ཡང་མོ་ཁུར་ནས་ཐོག་མར་གཟར་ངོས་སུ་འཛེགས་པ་དང་། དེ་ནས་ཐག་པ་གཡུགས་ནས་གཏན་འཇགས་བྱས་རྗེས།རུ་མི་གཞན་དག་གིས་རྒྱབ་ཏུ་སྒྲིག་ཆས་ལྗིད་མོ་ཁུར་ཏེ་ཐག་པ་བརྒྱུད་ནས་ག་ལེར་ཡར་འཛེགས་པ་རེད། 


 

     གཟར་ངོས་མཐོན་པོར་འཛེགས་རྗེས།  ཡང་སྐས་རིམ་གཟར་མོ་གསུམ་ལ་འཛེགས་དགོས། མེ་གསོད་རུ་མི་ཞིག་གིས་སྐས་སྐྱོར་ནས་ཅུང་ཙམ་སྒུག་དང་།རེ་རེ་བྱས་ནས་ཤོག  མི་གཉིས་མཉམ་དུ་སྐས་གཅིག་གི་ཐོག་འཛེགས་མི་རུང་ཞེས་དྲན་སྐུལ་བྱས། དེ་ལྟར་རུ་མི་ཚོས་གཟར་ཚད་ཏུའུ་ལྔ་བཅུ་ལས་བརྒལ་བའི་གཟར་ངོས་སུ་སྐར་མ་བཅུ་ལྷག་འཛེགས་རྗེས། ཐང་བདེ་མོ་ཞིག་ཏུ་སླེབས་པ་དང་། ངལ་གསོ་མི་རྒྱག་པར་སྐས་རིམ་གསུམ་བརྒྱུད་ནས་མཐོ་ཚད་སྨི་བརྒྱ་དང་ལྔ་བཅུ་ལྷག་གི་གཟར་ངོས་ལས་བརྒལ་བ་རེད།


     མང་ཚོགས་རྣམས་གཅིག་རྗེས་གཉིས་མཐུད་དུ་རི་སྐེད་ནས་རི་འདབས་སུ་བསྲིངས་པའི་ཐག་པ་འཇུས་ནས་མར་བབས་པ་དང་། རོགས་སྐྱོབ་མི་སྣ་ཚོས་ཐག་པ་འཇུས་ནས་གཟར་ངོས་ནས་ཡར་འཛེགས་པ་རེད། ཐག་པ་དེ་དག་ལ་བརྟེན་ནས་རོགས་སྐྱོབ་མི་སྣ་ཚོ་འགུལ་ལྟེ་ལྕགས་ཟམ་རྫོང་འབོ་ཞབས་གྲོང་རྡལ་དུ་སོང་བ་དང་། མང་ཚོགས་རྣམས་ཕྱི་བདེ་སར་བཀོད་པ་རེད། དེ་ནི་དཔའ་ངར་ཆེ་བའི་རོགས་སྐྱོར་མི་སྣ་ཚོ་འགུལ་ལྟེ་རུ་སྐྱོད་པའི་ལམ་བར་གྱི་ཟུར་ཞིག་རེད།


     དགོང་མོའི་ཆུ་ཚོད་བརྒྱད་པའི་ཐོག རུ་མི་རྣམས་གཅིག་རྗེས་གཉིས་མཐུད་ངང་འབོ་ཞབས་གྲོང་རྡལ་འབོ་ཞབས་ཐང་ཆེན་གྱི་བཀོད་སྒྲིག་གནས་སུ་འབྱོར་སྐབས། གློག་སྒྲོན་དང་པོ་དེ་ཏག་ཏག་བཀར་བྱུང་། རས་གུར་ནང་གི་མང་ཚོགས་ཚོ་བཀོད་སྒྲིག་འོས་འཚམ་བྱུང་བ་དང་སྨན་བཅོས་མི་སྣས་གོ་རིམ་ལྡན་པའི་ངང་ལས་དོན་སྒྲུབ་བཞིན་ཡོད་པར་མཐོང་སྐབས་ཚང་མ་ཡང་མྱུར་དུ་རོགས་སྐྱོབ་ལས་ཀའི་ནང་ཞུགས་པ་རེད།


 

 སྤྱི་ལེ་སོ་ལྔར་རྐང་ཐང་དུ་སོང་ནས་རོགས་སྐྱོབ་བྱས།


     ཟླ་བ་དགུ་པའི་ཚེས་དྲུག་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་གཉིས་པའི་ཐོག འཁོར་སྐར་ཁ་པར་ཞིག་ལས་གཏམ་བཟང་འབྱོར་བ་ལྟར་ན། ལྕགས་ཟམ་རྫོང་གདན་ཐོག་གྲོང་རྡལ་ཐེན་ཁྲི་ཧྲན་གྲོང་ཚོའི་དགུང་ལོ་བརྒྱད་ཅུར་སོན་པའི་རྒན་པོ་ཞིག་སྐབས་ཐོག་ཏུ་སྐྱོབ་ཐུབ་པ་མ་ཟད། ཉེན་མེད་གནས་སུ་སྐྱེལ་བཞིན་ཡོད། གཞན་ཡང་བཟོ་པ་གཉིས་ཀྱང་བཀག་ལུས་ཐེབས་པ་ལས་ཐར་ཡོད་པ་རེད། བརྡ་འཕྲིན་འདིས་ཡུལ་དངོས་བཀོད་འདོམས་པུའུ་ཡི་སེམས་ཁྲལ་བསལ་བ་རེད།


     ཟླ་བ་དགུ་པའི་ཚེས་ལྔ་ཉིན་གྱི་དགོང་མོར། རི་འདབས་ཀྱི་བདེ་སར་བཀོད་པའི་མི་སེར་ཚོས་རང་རྟོགས་ཀྱིས་རྩད་ཞིབ་བྱེད་དུས། དགུང་ལོ་བརྒྱད་ཅུར་སོན་པའི་རྒན་པོ་ཞིག་ལ་འབྲེལ་གཏུག་བྱེད་མ་ཐུབ་པ་དང་། ཐེན་ཁྲི་ཧྲན་གྲོང་ཚོ་ལ་རྩེད་མོར་སོང་བའི་བཟོ་པ་གཉིས་ལའང་འབྲེལ་བ་བྱེད་མ་ཐུབ་པ་རེད།


     ཚེས་དྲུག་ཉིན་གྱི་སྔ་དྲོའི་ཆུ་ཚོད་བདུན་པའི་ཐོག དཀར་མཛེས་དང་ཏེ་དབྱང་མེ་གསོད་ཡན་ལག་རུ་ཁག་གི་མི་བཅུ་དྲུག་ལས་གྲུབ་པའི་འཕྲལ་སྒྲུབ་ཚོ་ཆུང་རྐང་ཐང་དུ་ཐེན་ཁྲི་ཧྲན་གྲོང་ཚོར་སོང་། སྔ་དྲོའི་ཆུ་ཚོད་བཅུ་གཅིག་ཡས་མས་སུ། རོགས་སྐྱོབ་མི་སྣས་བཀག་ལུས་ཐེབས་པའི་རྒན་པོ་རྙེད། རྒན་པོར་རྨས་ཕོག་ནས་འགུལ་མ་ཐུབ་པས་ཆུ་ཚོད་ཉི་ཤུའི་རིང་ཁ་ལ་ཟས་མ་རག  རོགས་སྐྱོབ་མི་སྣས་དེ་མ་ཐག་ཏུ་རང་གིས་ཁུར་བའི་བག་ལེབ་དང་ཆུ་རྒན་པོར་སྤྲད་པ་མ་ཟད། མཉམ་དུ་སོང་བའི་སྨན་བཅོས་མི་སྣར་རྒན་པོར་སྨན་བཅོས་བྱེད་བཅུག་པ་རེད།


 

     རུ་མི་གཉིས་ཀྱིས་རྒན་པོར་ལྟ་སྐྱོང་བྱས། མི་གཞན་དག་ཚོ་ཆུང་གསུམ་ལ་བགོས་ནས་བཟོ་པ་གཉིས་འཚོལ་སར་སོང་།  ཆུ་ཚོད་གཅིག་འགོར་རྗེས། རུ་མི་ཚོས་དུད་ཁྱིམ་རེ་རེ་བཞིན་འཚོལ་ནའང་། བཀག་ལུས་ཐེབས་པའི་བཟོ་པ་གཉིས་རྙེད་མ་བྱུང་། སྐབས་དེར། ཡུལ་དངོས་བཀོད་འདོམས་པུའུ་ལས་ཆ་འཕྲིན་འབྱོར་ནས། བཀག་ལུས་ཐེབས་པའི་བཟོ་པ་གཉིས་དེ་རིང་ཐེན་ཁྲི་ཧྲན་གྲོང་ཚོ་ནས་བདེ་བཀོད་གནས་སུ་འབྱོར་ཡོད། རྨས་སྐྱོན་ཕོག་མེད་པས་ཕྱིར་ལོག་པ་དང་། ས་གནས་དེ་གའི་མང་ཚོགས་ཀྱིས་བཤད་པ་ལྟར་ན་ཁ་སང་ཐེན་ཁྲི་ཧྲན་གྲོང་ཚོ་ལ་ཡོང་བའི་བཟོ་པ་གཉིས་རེད་ཟེར།


     ནན་ཐུའོ་གྲོང་ཚོ་ནས་ཐེན་ཁྲི་ཧྲན་གྲོང་ཚོའི་བར། རི་ལུང་བརྒལ་ནས་རྐང་ཐང་དུ་སྤྱི་ལེ་བཅུ་གཉིས་འགྲོ་དགོས། ད་དུང་ལམ་བསྐོར་བ་དང་དུད་ཁྱིམ་རེ་རེ་བཞིན་དུ་འཚོལ་སྐྱོབ་དང་རྩད་ཞིབ་བྱེད་དགོས་པས། རུ་མི་མང་ཆེ་བས་རྒན་པོ་མ་རྙེད་གོང་སྤྱི་ལེ་ཉི་ཤུ་ལྷག་སོང་བས་ཐང་ཆད་ཡོད།


     ངལ་ཅུང་ཙམ་ཡང་མ་གསོས་པར་རྒན་པོ་སྐྱེལ་བ་རེད། མེ་གསོད་རུ་མི་ཚོས་སྔོན་ལ་རྒན་པོ་སྒོ་ཁྲི་ཞིག་གི་ཐོག་བརྟན་པོར་བཞག་པ་དང་། དེ་ནས་མི་བཞི་ཡིས་རེས་སྐོར་ནས་སྒོ་ཁྲི་ཕྲག་རུ་ཁུར་ཏེ་རི་འདབས་སུ་བསྐྱལ་བ་རེད། ཚེས་དྲུག་ཉིན་གྱི་དགོང་མོའི་ཆུ་ཚོད་དྲུག་ཡས་མས་སུ། མེ་གསོད་རོགས་སྐྱོབ་རུ་མི་ཆུ་ཚོད་བཅུ་གཅིག་རིང་སྤྱི་ལེ་སོ་ལྔ་ཡས་མས་ལ་རྐང་ཐང་དུ་སོང་ནས། གྲོང་ཚོ་ཡོངས་ཀྱི་དུད་ཁྱིམ་ཚང་མར་ཞིབ་བཤེར་ནན་མོ་བྱས་ཏེ། མང་ཚོགས་བདེ་སར་བཀོད་པ་མ་ཟད། བཀག་ལུས་ཐེབས་པའི་ལོ་བརྒྱད་ཅུར་སོན་པའི་རྒན་པོ་བསྐྱབས་ཐུབ་ཡོད།

 

 ཐད་འཕུར་གནམ་གྲུ་འཕུར་བྱུང་། མེ་གསོད་མི་སྣ་སླེབས་བྱུང་།


     ཟླ་བ་དགུ་པའི་ཚེས་ལྔ་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་བཞི་པའི་ཐོག ཁྲེན་ཏུའུ་ལོ་ཏའེ་གནམ་གྲུ་ཐང་དུ་ལྡིར་སྒྲ་ཆེན་པོ་དང་དྲག་རླུང་ལྡང་བ་དང་བསྟུན། ཁྲེན་ཏུའུ་མེ་གསོད་གླག་རྒོད་མཁའ་འགྲུལ་རོགས་སྐྱོབ་རུ་ཁག་གི་རུ་མི་ལྔ་ཐད་འཕུར་གནམ་གྲུར་བསྡད་ནས་བར་སྣང་དུ་འཕུར། བར་ཐག་སྤྱི་ལེ་ཉིས་བརྒྱ་ཉི་ཤུ་ལ་ཆུ་ཚོད་གཅིག་ཙམ་ལས་མ་དགོས་པར་འགུལ་ལྟེའི་བར་སྣང་ལ་འབྱོར།


     འདི་ནི་ས་འགུལ་བྱུང་རྗེས་འགུལ་ལྟེ་ལ་འབྱོར་བའི་མེ་གསོད་རོགས་སྣོན་རུ་ཁག་དང་པོ་རེད།


     སྨི་སུམ་སྟོང་དྲུག་བརྒྱའི་བར་སྣང་དུ། རླུང་ཤུགས་བརྟན་པོ་མིན་པས་གནམ་གྲུ་བརྟན་པོར་འཕུར་མ་ཐུབ་པར་བྲག་རོང་གཡང་གཟར་ཁྲོད་ཀྱི་ས་འགུལ་བྱུང་ཁུལ་དུ་འཕུར་དགོས་པར་ཐུག དཀའ་ཁག་ཇེ་ཆེར་སོང་། གནོད་ཁུལ་གྱི་བར་སྣང་ལ་སླེབས་རྗེས། རུ་མི་རྣམས་ཀྱིས་སྤྲིན་གྱི་བང་རིམ་བརྟོལ་ནས་མར་བབས་པ་དང་། མགྱོགས་མྱུར་ངང་རི་རྒྱུད་བརྒལ་ཏེ་དམའ་ས་ནས་བརྙན་ཕབ་པ་སྟེ།  རི་ཉིལ་ནས་རྦབ་རྡོ་མང་པོ་དྲག་ཆར་བཞིན་དུ་ལུང་ཁོག་ཏུ་འགྲིལ། མི་སེར་ལ་ལའི་ཁང་པ་བརྡིབས། རྨས་སྐྱོན་ཐེབས་པའི་མང་ཚོགས་ཁོད་ཡངས་པའི་ས་རུ་བསྡད་ནས་བབ་བསྟུན་མྱུར་སྐྱོབ་སྒུག་བཞིན་པ། ཧྲི་མོན་རྫོང་ནས་ལྕགས་ཟམ་རྫོང་དུ་འགྲོ་བའི་གཞུང་ལམ་ཆད་པ་དང་། རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་ཆུ་ལག་གཙོ་བོ་ཝན་ཏུང་ཆུ་བོའི་རྒྱུན་བཅད་ཡོད་པས། བསྐྱིལ་མཚོར་གྱུར་པའི་ཉེན་ཁ་ཆེ་བ་སོགས་གླག་རྒོད་རྟགས་ཅན་གྱི་གནམ་གྲུས་གནོད་ཁུལ་གྱི་ཆ་འཕྲིན་འབོར་ཆེན་བརྙན་ལ་ཕབ་ནས། གནོད་སེལ་རྒུད་སྐྱོབ་བྱེད་པར་རྒྱུ་ཆ་རྩ་ཆེན་བཏོན་ཡོད།


 

     ཟླ་བ་དགུ་པའི་ཚེས་དྲུག་ཉིན། གླག་རྒོད་རྟགས་ཅན་གྱི་ཐད་འཕུར་གནམ་གྲུ་ལ་ཧྲི་མོན་རྫོང་ཚའོ་ཁོ་བོད་རིགས་ཞང་དུ་བཀག་ལུས་ཐེབས་པའི་མང་ཚོགས་བདེ་སར་འགོད་པའི་ལས་འགན་འབྱོར།  ས་འགུལ་བྱུང་རྗེས་རྡོ་ཕ་བོང་འགྲིལ་ཡོང་ནས་བགྲོད་ལམ་བཅད་པ་དང་། ལམ་འགྲམ་གྱི་གད་སྐྱོར་རྩིག་པ་རྡིབ་པ། མི་སེར་ཚོ་ཕྱི་རུ་འགྲོ་བའི་ལམ་ཆད་པས།  ཚའོ་ཁོ་ཞང་ནི་ཡུལ་གྲུ་ཁེར་རྐྱང་ཞིག་ཏུ་གྱུར་ཡོད།


     ཐད་འཕུར་གནམ་གྲུ་འཕུར་བྱུང་། མེ་གསོད་མི་སྣ་སླེབས་བྱུང་། ཐད་འཕུར་གནམ་གྲུ་གནོད་ཁུལ་གྱི་བར་སྣང་ལ་འཕུར་བ་ན། གནོད་ཁུལ་མང་ཚོགས་མཉམ་དུ་འཛོམས་ནས་ལག་པ་གཡུག་བཞིན་ཀི་འབོད་བྱས།


     རུ་མི་རྣམས་ཀྱིས་རོགས་སྐྱོབ་བྱེད་ཞོར་དུ་མང་ཚོགས་དང་མཉམ་དུ་ཞིག་རོ་སྙིགས་རོ་གཙང་སེལ་བྱས། ཆུ་ཚོད་གཅིག་ཙམ་མ་འགོར་བར།  ཐད་འཕུར་གནམ་གྲུ་ཆེན་པོ་གཉིས་ཀྱི་འབབ་ས་ལས་ནས། མི་སྣ་དང་དངོས་ཟོག་སྐྱེལ་འདྲེན་ཐུབ་ཡོད།


     ལྡིར་སྒྲ་ཆེ་བའི་ཐད་འཕུར་གནམ་གྲུ་ཆེན་པོ་ཡིས། ཐེངས་དང་པོར་ཁྱིམ་གཞིས་དང་གྱེས་པའི་ཡུལ་མི་ཚོ་སྐྲག་ཏུ་བཅུག་ཡོད། ལོ་གྱ་དགུར་སོན་པའི་རྒན་མོ་ཧྥོང་ཆོན་ཀྲེན་བསྐྲགས་ནས་ལག་པ་གཉིས་འདར་སིག་སིག་བྱེད་བཞིན་པར་མཐོང་དུས། རུ་མི་རྣམས་ཀྱིས་རྒན་མོའི་ལག་པ་འཇུས་ཏེ། རྨོ་མོ་ལགས། སྐྲག་དགོས་མ་རེད། ངས་ཁྱེད་རྒྱབ་ལ་ཁུར་ནས་འགྲོ་ཞེས་ཟེར། གནམ་གྲུ་ནས་འབབ་དུས། རུ་མི་རྣམས་ཀྱིས་རྡོ་ཟེགས་ལུས་ལ་ཕོག་པར་གཡོལ་ཞོར་རྒན་མོ་རྒྱབ་ལ་ཁུར་ནས་སྐྱོབ་འཁོར་ནང་བསྐྱལ་བ་རེད།


     དེ་ནས། གླག་རྒོད་རྟགས་ཅན་གྱི་ཐད་འཕུར་གནམ་གྲུ་ཡང་བསྐྱར་ནམ་མཁར་འཕུར་ནས། རོགས་སྐྱོབ་ལས་འགན་གསར་པ་སྒྲུབ་འགོ་བརྩམས།


 

  སྐམ་སའི་ལམ་དང་ཆུ་ལམ་བརྒྱུད་ནས་ས་འགུལ་བྱུང་སར་སོང་།


     ཧྲི་མོན་རྫོང་ཞིན་མིང་བོད་རིགས་ཤང་དུ་ཡོད་པའི་བཀོད་འདོམས་པུའུ་ཡི་མེ་གསོད་རོགས་སྐྱོབ་མི་སྣས་གསར་འགོད་པ་ལ་ང་ཚོས་སྔོན་ལ་ཆུ་ལམ་བརྒྱུད་ནས་འགྲོ་དགོས། དེ་རྗེས་རྐང་ཐང་དུ་སྤྱི་ལེ་ཉི་ཤུ་ལྷག་ཙམ་བསྐྱོད་རྗེས་སླར་ཡང་གྲུ་གཏོང་ནས་གནོད་སྐྱོན་ཐེབས་པའི་ཤང་དང་གྲོང་རྡལ་དུ་རོགས་སྐྱོབ་བྱེད་སར་འགྲོ་དགོས་ཞེས་ཟེར། ས་འགུལ་བྱུང་རྗེས་གཡག་རྔ་གྲོང་ཁྱེར་ཧྲི་མོན་རྫོང་ཞིན་མིང་བོད་རིགས་ཤང་དང་། ཝང་ཀང་ཕིང་ཤང་། ཚའོ་ཁོ་བོད་རིགས་ཤང་བཅས་ལ་གནོད་སྐྱོན་ཚབས་ཆེན་ཐེབས་ནས། འཕྲིན་གཏོང་དང་གཞུང་ལམ་གཉིས་ཀ་གནས་སྐབས་སུ་ཆད་པ་རེད།


      ཞིན་མིང་བོད་རིགས་ཤང་དང་ཝང་ཀང་ཕིང་ཤང་གཉིས་ཀའི་མདུན་ནས་རྒྱལ་རོང་རྒྱལ་མོ་རྔུལ་ཆུ་བཞུར་བཞིན་ཡོད། རྒྱབ་ཏུ་རི་བོ་རེད། རི་ངོས་ཚང་མ་བྱེ་མའི་བྲག་རྡོ་རེད། རྣམ་རྒྱུན་ཆར་ཆེན་འབབ་དུས་རི་མགོའི་བྱེ་མ་དེད་པ་དང་བྲག་རྡོ་འགྲིལ་བ་རེད། ཐེངས་འདིར་ས་འགུལ་བྱུང་བས། གནོད་སྐྱོན་ཚབས་ཆེན་ཐེབས། ཚའོ་ཁོ་བོད་རིགས་ཤང་ལ་ས་འགུལ་བྱུང་བའི་རྐྱེན་གྱིས་རི་ཉིལ་ནས་གཞུང་ལམ་ལ་གནོད་པ་ཚབས་ཆེན་བཟོས་ཡོད་པས། ཆུ་ལམ་བརྒྱུད་ནས་ཝང་ཀང་ཕིང་ཤང་རུ་བསྐྱོད་རྗེས་རྐང་ཐང་དུ་འགྲོ་ན་ད་རུང་འབྱོར་ཐུབ།


     ཟླ་བ་དགུ་པའི་ཚེས་ལྔ་ཉིན། ཞིན་མིང་བོད་རིགས་ཤང་རུ་བགྲོད་སའི་ལམ་མྱུར་དུ་ཤར་གཏོང་ཐུབ་རྗེས། མེ་གསོད་རོགས་སྐྱོབ་མི་སྣས་ཡུལ་དངོས་བཀོད་འདོམས་པུའུ་དེ་གར་བཙུགས། དེའི་རྗེས་སུ་མི་སྣ་སྒྲིག་འཛུགས་བྱས་ནས་ཆུ་ལམ་དང་སྐམ་སའི་ལམ་བརྒྱུད་དེ་ཝང་ཀང་ཕིང་ཤང་དང་། ཚའོ་ཁོ་བོད་རིགས་ཤང་དུ་སོང་ནས་འཚོལ་སྐྱོབ་བྱས་པ་རེད། 


 ཚེས་ལྔ་ཉིན་གྱི་དགོང་མོར། མེ་ཧྲན་དང་། ལེ་ཧྲན། ཙི་དབྱང་བཅས་ཀྱི་ཡན་ལག་རུ་ཁག་གི་མེ་གསོད་རོགས་སྐྱོབ་མི་སྣ་དྲུག་ཅུ་ལས་གྲུབ་པའི་འཕྲལ་རྒོལ་ཡན་ལག་རུ་ཁག་གྲུ་གཏོང་ནས་རྒྱལ་རོང་རྒྱལ་མོ་རྔུལ་ཆུ་བརྒལ། དེ་ནས་རོགས་སྐྱོབ་ཡོ་བྱད་དང་དངོས་ཟོག་འཁྱེར་ནས་རི་བོ་བརྒལ་ཏེ་གནོད་ཐེབས་ཤང་དང་གྲོང་རྡལ་དུ་བསྐྱོད། ཚེས་དྲུག་ཉིན་གྱི་སྐྱ་རེངས་ཆུ་ཚོད་གསུམ་ཙམ་ལ། རོགས་སྐྱོབ་མི་སྣ་ཏ་ཀང་རི་བོའི་ཆེད་བསྐོས་རུ་ཁག་ཡོད་སར་འབྱོར་ནས་ངལ་གསོ་བྱས། དེ་རྗེས་མུ་མཐུད་ནས་ས་འགུལ་བྱུང་སར་སྐྱོད། འཕྲལ་བརྒོལ་ཡན་ལག་རུ་ཁག་གི་རུ་མི་ཀྲང་ཙེ་ཡིས། ལམ་སྡུག་འགྲོ་དཀའ། སྐབས་འགར་རི་ཉིལ་བའི་གནས་ཚུལ་ཐོན་གྱི་ཡོད། བྲག་རྡོ་ཆེ་ཆུང་མང་པོ་རྒྱུན་མི་ཆད་པར་རི་མགོ་ནས་འགྲིལ་ཡོང་བས། སྤྱི་ལེ་ཉི་ཤུ་སུམ་ཅུ་ལྷག་ལས་མེད་པའི་རི་ལམ་དུ་ང་ཚོ་ཆུ་ཚོད་བཅུ་གཅིག་ཙམ་ཐོགས་ཐལ་ཞེས་བཤད།  ཏ་ཀང་རི་བོའི་ཆུ་གློག་ས་ཚིགས་སུ། རོགས་སྐྱོབ་མི་སྣ་ཚོ་ཆུང་གཉིས་སུ་བགོས་ཏེ། ཁག་གཅིག་གྲུ་གཏོང་ནས་ཝང་ཀང་ཕིང་ཤང་བདེ་སྐྱིད་གྲོང་ཚོར་སོང་ནས་འཚོལ་སྐྱོབ་བྱས་པ་དང་། ཚོ་ཆུང་གཞན་ཞིག་མུ་མཐུད་ནས་ཚའོ་ཁོ་ཤང་དུ་བསྐྱོད་པ་རེད།


     ཟླ་བ་དགུ་པའི་ཚེས་དྲུག་ཉིན། མེ་ཧྲན་དང་། ལེ་ཧྲན། ཙི་དབྱང་། ལིའང་ཧྲན། གཡག་རྔ། ཕན་ཀྲི་ཧྭ་བཅས་ཀྱི་ཡན་ལག་རུ་ཁག་དྲུག་གི་རོགས་སྐྱོབ་མི་སྣ་བརྒྱ་དང་ང་གཅིག་ཁག་བགོས་ནས་ཝང་ཀང་ཕིང་ཤང་དང་ཚའོ་ཁོ་བོད་རིགས་ཤང་རུ་བསྐྱོད་དེ། མུ་མཐུད་ནས་མི་སེལ་འཚོལ་སྐྱོབ་དང་གནས་སྤོ་བྱས།


 

 རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་སྟེང་གི་དར་ཆ།


      “འདྲུད་ཐག་ལ་གཟོབ། ག་ལེ་བྱོས། རེད་ཡ།”


     ཟླ་བ་དགུ་པའི་ཚེས་བདུན་ཉིན་གྱི་སྔ་དྲོའི་ཆུ་ཚོད་བདུན་དང་སྐར་མ་སུམ་ཅུའི་ཐོག རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་སྟེང་གི་གདན་ཐོག་ཟམ་ཆེན་ཐོག་ནས། མེ་གསོད་རོགས་སྐྱོབ་མི་སྣས་ཐག་པ་འཐེན་ནས་རོགས་སྐྱོབ་གྲུ་གཟིངས་དགུ་ཆུ་ནང་གཏོང་བཞིན་ཡོད།


     འདི་ནི་ཉེ་ཆར་ལྕགས་ཟམ་རྫོང་གདན་ཐོག་གྲོང་རྡལ་དུ་བྱུང་བའི་གནས་ཚུལ་ཞིག་རེད། རི་མཐོ་གཡང་གཟར་བས། གདན་ཐོག་གྲོང་རྡལ་གྱི་གཞུང་ལམ་དང་འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་ཆས་ལ་གནོད་པ་ཚབས་ཆེན་ཐེབས་ཡོད། ཟླ་བ་དགུ་པའི་ཚེས་ལྔ་ཉིན་གྱི་མཚན་མོའི་ཆུ་ཚོད་བཅུ་གཅིག་ཐོག་རོགས་སྐྱོབ་རུ་ཁག་གནས་དེར་འབྱོར་བ་ནས་བཟུང་། མི་སེར་རོགས་སྐྱོབ་དང་གནས་སྤོ་བྱས་ནས་ཉིན་གསུམ་པར་སླེབས །


     དེ་རིང་གི་ལས་འགན་ནི་ཆུ་ལམ་བརྒྱུད་ནས་གདན་ཐོག་གྲོང་རྡལ་ཙི་ཡ་ཁྲང་གྲོང་ཚོ་དང་། ཝན་ཏུང་གྲོང་ཚོར་བཀག་འགོག་ཐེབས་པའི་མི་སེར་ཉེན་ཁ་མེད་སར་སྤོ་རྒྱུ་དེ་རེད། རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་ངོགས་གཉིས་སུ་ས་འགུལ་བྱུང་བས་རི་ཉིལ་ནས་གནོད་པ་ཚབས་ཆེན་ཐེབས་པས། ཆུ་ལམ་བརྒྱུད་པའི་ཆ་རྐྱེན་མ་འཛོམས་པར་བརྟེན། ཡུལ་དངོས་བཀོད་འདོམས་པུའུ་ཡིས་གདན་ཐོག་ཟམ་ཆེན་གྱི་སྟེང་ནས་ཐད་ཀར་རྒྱལ་རོང་རྒྱལ་མོ་རྔུལ་ཆུར་ རོགས་སྐྱོབ་གྲུ་གཟིངས་མི་གཏོང་ཐབས་མེད་བྱུང་།


     རོགས་སྐྱོབ་རུ་ཁག་དེ་ནི་ཁྲེང་ཏུའུ་དང་། ཏེ་དབྱང་། ལི་ཧྲན། དཀར་མཛེས་བཅས་ཀྱི་ཡན་ལག་རུ་ཁག་གི་མེ་གསོད་རོགས་སྐྱོབ་མི་སྣ་ཉེར་བདུན་ལས་གྲུབ་པ་རེད། གྲུ་གཟིངས་རེ་རེའི་ཐོག་གྲུ་བ་གཅིག་དང་ལས་སྒྲུབ་པ་གཉིས་བཀོད་སྒྲིག་བྱས།


     གྲུ་གཏོང་ནས་ཙེ་ཡ་ཁྲང་གྲོང་ཚོར་འཚོལ་སྐྱོབ་བྱེད་སར་ཡོང་བའི་མེ་གསོད་པ་ལིའུ་ཧའོ་ཡིས། ང་ཚོས་བསྟུད་མར་ཉི་མ་གཉིས་རོགས་སྐྱོབ་བྱས་ཡིན། ཁ་སང་ལས་འགན་ལྕི་ཤོས་རེད། དེ་རིང་ང་ཚོ་གྲུ་གཏོང་ནས་བཀག་ལུས་ཐེབས་པའི་མི་སེར་ཚང་མ་གནས་སྤོ་བྱ་རྒྱུ་ཡིན་ཞེས་བཤད།


     སྔ་དྲོའི་ཆུ་ཚོད་བཅུ་དང་སྐར་མ་བཞི་བཅུའི་ཐོག རོགས་སྐྱོབ་ལས་ཀ་སྔར་བཞིན་སྒྲུབ་བཞིན་ཡོད། མེ་གསོད་པ་ཏུའུ་ཤིན་དང་ལས་གྲོགས་ཚོས་གྲུ་ཁར་གནས་སྤོ་མི་སེར་བསུ་བའི་འགན་ཁུར། ག་ལེ་བྱོས། ག་ལེ་བྱོས། རེ་རེ་བཞིན་གྲུ་གཟིངས་ནས་མར་བོབ་ཅེས། ཏུའུ་ཤིན་གྱིས་བསྐྱབས་ཐུབ་པའི་མི་སེར་ལ་སེམས་གསོ་གཏོང་བ་མ་ཟད། རྒན་རྒོན་ཞིག་རྒྱབ་ཏུ་ཁུར་ཏེ་གྲུ་གཟིངས་ནས་མར་བབས། ཁོས་གསར་འགོད་པར། ཞོགས་པའི་ཆུ་ཚོད་བརྒྱད་པ་ནས་ད་ལྟའི་བར། མི་སེར་བརྒྱ་ལྷག་གནས་སྤོས་པ་དང་། ཚང་མའི་སེམས་ཁམས་ཀྱང་བརྟན་པོ་རེད། འདིའི་འཕྲོ་ནས་བསྐྱབས་ཐུབ་པའི་མི་སེར་གཅིག་བསྡུས་བདེ་འགོད་ས་ཚིགས་སུ་སྐྱེལ་དགོས་ཞེས་བཤད།


     བབ་བསྟུན་གྲུ་ཁ་ནས་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་ཕྱོགས་སུ་བལྟས་དུས། གྲུ་གཟིངས་རེ་རེ་ཕར་འགྲོ་ཚུར་འོང་བྱས་ནས། རོགས་སྐྱོབ་གནས་སྤོ་ལས་ཀ་སྔར་བཞིན་སྤེལ་བཞིན་ཡོད། ཟླ་བ་དགུ་པའི་གཙང་པོའི་ཐོག་སྟོན་རླུང་ལྡང་ཞིང་། གྲུ་གཟིངས་བསྐྱོད་པའི་རྗེས་སུ་རྦ་རླབས་རྒྱུ་བཞིན་ཡོད། རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་ངོས་སུ་ལྷབ་ལྷུབ་ཏུ་གཡོ་བའི་དར་ཆ་ནི་དེ་བས་ཀྱང་མངོན་གསལ་ཆེ།


     ཟླ་བ་དགུ་པའི་ཚེས་བདུན་ཉིན་གྱི་སྔ་དྲོའི་ཆུ་ཚོད་བཅུ་གཅིག་བར་དུ། བསྟུད་མར་ཆུ་ཚོད་ཞེ་དྲུག་རིང་དཀལ་ལས་བརྒྱབ་ནས། མེ་གསོད་རོགས་སྐྱོབ་མི་སྣས་ཐག་པ་འཐེན་ནས་གོམ་པ་རེ་རེ་བཞིན་དྲག་ཏུ་བཞུར་བའི་གཙང་པོ་བརྒལ་བ་དང། དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱས་ནས་བཀག་ལུས་ཐེབས་པའི་མི་སེར་བརྒྱ་དང་བཅོ་ལྔ་བསྐྱབས་པ་དང་། མི་སེར་ཉིས་སྟོང་བཞི་བརྒྱ་དོན་དྲུག་ཉེན་ཁ་མེད་སར་གནས་སྤོས་ཏེ། ལྕགས་ཟམ་རྫོང་འབོ་ཞབས་གྲོང་རྡལ་དང་ཁུག་རྟ་ལུང་པའི་གྲོང་རྡལ། ཧྲི་མོན་རྫོང་ཞིན་མིང་ཤང་བཅས་ཀྱི་རོགས་སྐྱོབ་དང་གནས་སྤོ་ལས་འགན་བདེ་བླག་ངང་འགྲུབ་ཐུབ་ཡོད། ལྕགས་ཟམ་རྫོང་གདན་ཐོག་གྲོང་རྡལ་དང་། ཧྲི་མོན་རྫོང་ཝང་ཀང་ཕིང་ཤང། ཚའོ་ཁོའོ་ཤང་བཅས་ཀྱི་རོགས་སྐྱོབ་གནས་སྤོའི་ལས་ཀ་སྔར་བཞིན་སྒྲུབ་བཞིན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1