ཉིང་ཁྲི་གྲོང་ཁྱེར་དུ་ཕྱོགས་ཡོངས་ནས་བཀག་རྒྱ་གློད་པའི་སྐོར་གྱི་མཐོང་ཐོས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 09-10



 


        མིག་སྔར། ཉིང་ཁྲི་གྲོང་ཁྱེར་གྱི་ཉེན་ཁ་ཆེ་འབྲིང་ཁུལ་ཁོངས་ཚང་མ་རྒྱུན་གཏན་ལྟར་ཉེན་མེད་ཁུལ་ཆགས་ནས་སྐབས་བསྟུན་གཙང་བཟོའི་དམིགས་ཚད་མངོན་འགྱུར་བྱུང་ཡོད།

        ཟླ་9ཚེས་8ཉིན་གྱི་ཉིན་དགུང་ཆུ་ཚོད་12ལ། ཉིང་ཁྲི་གྲོང་ཁྱེར་གྱིས་གནས་སྐབས་རང་བཞིན་གྱི་སྤྱི་ཚོགས་ཐོག་དོ་དམ་ཚོད་འཛིན་བྱེད་མཚམས་ཕྱོགས་ཡོངས་ནས་བཞག་སྟེ། རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སླར་གསོ་བྱེད་འགོ་ཚུགས་པ་རེད།

        དེ་ཉིན་ཟླ་བ་གཅིག་ཙམ་འཇགས་སྡོད་བྱས་པའི་ཉིང་ཁྲི་བ་ཕལ་ཆེ་བའི་སེམས་པ་དགའ་བ་འབུམ་གྱིས་བརྟས་ཤིང་། སྐད་འཕྲིན་གྱི་གྲོགས་ཚོམ་ནང་དུའང་འཁྲུག་ཆ་དོད་དུ་ཕྱིན་ནས་གྲོང་མི་ཚོའི་འགོག་ཐབས་མེད་པའི་དགའ་སྤྲོའི་སེམས་པ་མཚོན་པར་བྱ་ཡུལ་ཞིག་ཏུ་གྱུར་པ་དང་། ལས་སླ་པོར་བྱུང་བ་ཞིག་མིན་པའི་རིམས་འགོག་གི་གྲུབ་འབྲས་འདི་ལྟ་བུ་ཐོབ་པར་ཚང་མ་དགའ་སྤྲོ་དཔག་མེད་བྱེད་ཀྱི་ཡོད།

        གྲོང་ཁྱེར་གྱི་ཁྲོམ་གཞུང་དུ་དེ་སྔའི་རྣམ་པ་རིམ་གྱིས་སླར་གསོ་ཐུབ་ནས་མི་མང་དུ་ཕྱིན་པ་དང་། མང་ཚོགས་མི་ཉུང་བ་ཞིག་སྒོ་རྩིས་ཚོང་ཁང་དང་ཚལ་ཁྲོམ་དུ་ཟས་རིགས་སོས་པ་ཉོ་བར་འགྲོ་གི་ཡོད།

        “གཞི་ནས་ཕྱིར་དོན་རྒྱུ་བྱུང་སོང་། སེམས་པ་ཧ་ཅང་སྐྱིད་པོ་འདུག”ཅེས་ཚེས་8ཉིན་གྱི་ཉིན་དགུང་། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་མགྲོན་བསུ་ལམ་ཆེན་གྱི་ཉིང་ཁྲིའི་སྤྱི་ཤག་ཁུལ་ཆུང་དུ་ཡོད་པའི་ཆོས་གཡང་གིས་སྡེ་བདག་གི་སྐད་འཕྲིན་ཚོགས་པའི་ནང་སྡེ་ལས་མི་སྣས“དེ་རིང་ཉིན་དགུང་ནས་བཟུང་ཉིང་ཁྲིར་ཕྱོགས་ཡོངས་ནས་བཀག་རྒྱ་གློད་པ་རེད”ཅེས་བསྐུར་བ་མཐོང་སྐབས་སེམས་འགུལ་ཆེན་པོ་ཐེབས་ཤིང་དེ་ལྟར་བཤད། 

  

        དགུང་ཟས་བཟས་མ་ཐག་པའི་ཁོ་མོ་སྒུག་ཡུན་མ་གཅོག་པར་ཕྱིར་དོན། “ངས་དང་ཐོག་ཕྱི་ལ་སྐོར་བ་ཞིག་བརྒྱབ་པས་མི་མང་པོ་འདུག་ལ་ཚང་མའི་གདོང་ནས་དགའ་བའི་འཛུམ་མདངས་འཕྱུར་གྱི་འདུག དེ་ནས་ངས་ཉེ་འགྲམ་གྱི་སྒོ་རྩིས་ཚོང་ཁང་ཆེ་མོར་དངོས་ཟོག་ཉོ་བར་ཕྱིན་པས་ཏ་ཡོན་སྒོ་རྩིས་ཚོང་ཁང་གི་སྒོ་འགྲམ་དུ་བང་རིང་པོ་བསྒྲིགས་འདུག མ་གཞི་མི་མང་པོ་ཡོད་ཀྱང་ཚང་མས་གོ་རིམ་ལྡན་པའི་ངང་བང་བསྒྲིགས་ནས་ཕན་ཚུན་དབར་བར་ཐག་ངེས་ཅན་བཞག་འདུག”ཅེས་ཆོས་གཡང་གིས་བཤད།

        ཉིང་ཁྲིའི་སྤྱི་ཤག་འགན་གཙང་འགན་ལེན་ཚན་པའི་འགན་འཁུར་བ་བསྟན་འཛིན་རྒྱལ་མཚན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཉིང་ཁྲིའི་སྤྱི་ཤག་ཁུལ་ཆུང་དུ་ཁྱོན་ཐོག་སོ་6དང་ཚན་པ་13ཡོད་པ་དང་ད་ཆ་དེ་གར་སྡོད་མཁན་གྲོང་མི་67ཡོད། “རིམས་ནད་མེད་པའི་ཁུལ་ཆུང”ཞིག་ཡིན་པའི་ངོས་ནས་གྲོང་མི་ཚོ་ཕྱིར་སྐྱོད་སྐབས་ཚང་མས་རང་འགུལ་ངང་སྒྲིག་ཁྲིམས་སྲུང་གི་ཡོད། “ཕྱི་དྲོའི་ཆུ་ཚོད་དང་པོ་ཡོལ་ཙམ་ལ་ཕྱིར་དོན་པ་ཡིན། འོན་ཀྱང་མི་མང་པོ་མི་འདུག་ལ་སྒྲིག་ལམ་དང་ལྡན་པ་ཞིག་འདུག”ཅེས་ཁོང་གིས་བཤད།

        ཟླ་བ་གཅིག་ཙམ་ངལ་གསོ་བརྒྱབ་རྗེས་ཉིང་ཁྲི་གྲོང་ཁྱེར་བརྒྱད་གཅིག་ཁྲོམ་གཞུང་དུ་གནས་པའི“འདིར་གཟིགས་དང”ཞེས་པའི་སྐྲ་བཞར་ཁང་དུ་ཡུན་རིང་ཡོང་ཐུབ་མེད་པའི་སྐུ་མགྲོན་མང་པོ་སླེབས། ཕྱི་དྲོ་གསར་འགོད་པ་འདི་གར་འབྱོར་སྐབས་སྐྲ་ཁང་ནང་མི་མང་པོ་སླེབས་ཟིན་འདུག

        “གནས་ཡུལ་བཤེར་རྟགས་བཤེར་བ”དང་རང་མིང་ཐོ་འགོད་བྱེད་པ་སོགས་གཏན་འབེབས་ལག་བསྟར་བྱས་པ་བརྒྱུད། གསར་འགོད་པས་སྐྲ་བཞར་ཞོར་དུ་སྐྲ་མཛེས་བཟོ་བྱེད་མཁན་ཞའོ་ཀྲོའུ་དང་གླེང་མོལ་བྱེད་འགོ་ཚུགས་ཤིང་། ཞའོ་ཀྲོའུ་ཡིས་གསར་འགོད་པར་ངོ་སྤྲོད་བྱས་པར་གཞིགས་ན། ཟླ་8ཚེས་11ཉིན་སྐྲ་ཁང་སྒོ་བརྒྱབ་པ་ནས་ཟླ་9ཚེས་4ཉིན་སྒོ་མ་ཕྱེ་བའི་རིང་མ་གཞི་བཟའ་འཐུང་ཐད་སེམས་ཁྲལ་མེད་ཀྱང་ཉིན་ལྟར་ལག་ཐོགས་ཁ་པར་རྩེ་བ་དང་གཉིད་ཉལ་རྒྱུ་རྐྱང་རྐྱང་ཡིན་པས་འཚོ་བར་འཆར་གཞི་མེད་པ་ཆགས་སོང་། དེར་བརྟེན་ཡང་བསྐྱར་ལས་ཀར་འགྲོ་རྒྱུ་བྱུང་བའི་ཚོར་སྣང་འདི་ཧ་ཅང་སྐྱིད་པོ་འདུག་ཅེས་ཁོང་གིས་བཤད།

        ཕྱི་དྲོའི་ཆུ་ཚོད་གཉིས་པར་ཆོས་གཡང་གིས་ཅ་དངོས་འདག་འདག་ཉོས་ནས་ལོག “ཚལ་དང་ཤིང་འབྲས་ཉོས་པ་ཡིན་ལ། ཟླ་མཆོད་དུས་ཆེན་ཤར་གྲབས་ཡོད་པས་ད་དུང་ཟླ་མཆོད་བག་ལེབ་ཏོག་ཙམ་ཞིག་ཀྱང་ཉོས་པ་ཡིན། ཕྱིར་དོན་ཙམ་བྱས་ན་སེམས་པའང་སྐྱིད་པོ་འདུག”ཅེས་ཆོས་གཡང་གིས་དགའ་ཚོར་ཆེན་པོས་བཤད། “ང་ཚོ་ཚང་མས་གཟབ་གཟབ་བྱེད་ཀྱི་ཡོད། ‘རིམས་ནད་མེད་པའི་ཁུལ་ཆུང’གི་མཚན་སྙན་རྒྱུན་འཁྱོངས་བྱེད་པ་ལས་མི་གཞན་ལ་ཤུགས་རྐྱེན་ཐེབས་མི་རུང”ཞེས་དུག་སེལ་བྱེད་པ་དང“གཅིག་བཤེར་གཅིག་ལྟ་གསུམ་བཤེར(གནས་ཡུལ་བཤེར་རྟགས་བཤེར་བ་དང་། ཚ་བ་ལྟ་བ། ཉིང་སྐྱུར་བརྟག་དཔྱད་བྱས་འབྲས་སྲིབས་གཤིས་ཡིན་མིན་བཤེར་བ་དང་། བོད་ལྗོངས་ཤར་བགྲོད་ཀྱི་བདེ་ཐང་བཤེར་རྟགས་བཤེར་བ། གྲངས་གཞི་ཆེ་མོའི་འགྲོ་སྐྱོད་གཱ་བཤེར་བ་བཅས་སོ)”སོགས་ཀྱི་གོ་རིམ་བརྒྱུད་རྗེས་ཆོས་གཡང་བདེ་བླག་ངང་ཁུལ་ཆུང་ནང་འཛུལ།

        ཆོས་གཡང་ཁུལ་ཆུང་དུ་འབྱོར། སྐབས་དེ་དུས་ཉིང་ཁྲིའི་སྤྱི་ཤག་ཁུལ་ཆུང་གི་ཉེ་འགྲམ་དུ་གནས་པའི་ཏ་ཡོན་སྒོ་རྩིས་ཚོང་ཁང་གི་སྒོ་རྩར་ད་དུང་ཅ་དངོས་ཉོ་མཁན་གྱི་བང་རིང་པོ་ཡོད་མོད། འོན་ཀྱང་ཚང་མས་སྔར་བཞིན་བདེ་འཇགས་ལྡན་པའི་ངང་ཕན་ཚུན་བར་ཐག་ངེས་ཅན་བཞག་ཡོད།

        ཏ་ཡོན་སྒོ་རྩིས་ཚོང་ཁང་གི་ཅིང་ལི་ཐེན་ལགས་ཀྱིས“དེ་རིང་ཉིན་དགུང་ནས་བཟུང་། ཉེ་འཁོར་གྱི་གྲོང་མི་ཚོ་གཅིག་རྗེས་གཉིས་མཐུད་ངང་སྒོ་རྩིས་ཚོང་ཁང་དུ་ཚོང་ཟོག་སྣ་ཚོགས་ཉོ་བར་སླེབས་སོང་། བྲེལ་བ་ཚ་དྲགས་ནས་ཆུ་ཁ་གང་ཡང་རག་མ་བྱུང་། འོན་ཀྱང་སེམས་ནང་དགའ་ཚོར་ཆེན་པོ་འདུག དེ་རིང་ནི་ལོ་གསར་ཤར་གྲབས་ཡོད་པ་ལྟར་འཁྲུག་ཆ་དོད་པོ་འདུག་པས་འདི་ནི་ང་ཚོས་རྒྱུས་མངའ་ཡོད་པའི་ཉིང་ཁྲི་རེད”ཅེས་བཤད།

        ཉིན་བཅུ་ལྷག་ཙམ་དྲ་ཐོག་ནས་སློབ་སྦྱོང་བྱས་རྗེས་དེ་རིང་རྫ་ཡུལ་རྫོང་དང་མེ་ཏོག་རྫོང་གི་སློབ་མ་སློབ་གྲྭར་ལོག་ནས་སློབ་འགོ་བསྐྱར་ཚུགས་ཐུབ་ཡོད། སློབ་མ་ཚོས་སློབ་གྲྭས་སྔོན་ཚུད་ནས་བཟོས་པའི་ཚང་གཡོལ་གྱི་བཀོད་སྒྲིག་ལྟར་ཁྱིམ་བདག་གི་རོགས་རམ་འོག་སློབ་གྲྭའི་སྒོ་འགྲམ་དུ་སྒུག་སྟེ་གཏན་འབེབས་ལྟར་ཁ་རས་བརྒྱབ་ནས་ཚ་བ་ལྟ་བ་དང་ཉིང་སྐྱུར་བརྟག་དཔྱད་བྱས་རྗེས་གོ་རིམ་ལྡན་པའི་ངང་སློབ་གྲྭར་འཛུལ་གྱི་ཡོད། མེ་ཏོག་རྫོང་ཆ་ཚང་སློབ་ཆུང་ལོ་རིམ་གསུམ་པའི་སློབ་མ་སྐལ་བཟང་སྒྲོལ་མས“གཞི་ནས་གྲོགས་པོ་ཆུང་ཆུང་ཚོ་དང་རྒན་ལགས་རྣམ་པ་ཐུག་རྒྱུ་བྱུང་སོང་། དེ་རིང་ཞོགས་པ་སློབ་གྲྭར་འགྲོ་དགོས་པ་ཤེས་རྗེས་སེམས་པ་ཧ་ཅང་དགའ་པོ་བྱུང”ཞེས་བཤད།

        མེ་ཏོག་རྫོང་ཆ་ཚང་སློབ་ཆུང་གི་སློབ་སྤྱི་གཞོན་པ་སྐལ་བཟང་བདེ་སྐྱིད་ཀྱིས་ཕྲུ་གུ་ཚོའི་དགའ་སྤྲོའི་འཛུམ་མདངས་ལ་ལྟ་བཞིན་དུ“གང་འདྲ་བྱས་ཀྱང་སློབ་གྲྭ་ཚུགས་ན་ཡག་པ་འདུག དགེ་རྒན་ཚོ་རྒྱུན་གཏན་ལྟར་ལས་ཀར་འགྲོ་རྒྱུ་ཡོད་ལ། དེ་བས་ཀྱང་ཉིན་ལྟར་སེམས་ནས་གཅེས་པའི་ཕྲུ་གུ་ཚོ་མཐོང་རྒྱུ་ཡོད”ཅེས་བཤད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1