བོད་ལྗོངས་མལ་གྲོ་གུང་དཀར་རྫོང་གི་འབྲོག་པ་ཚོ་སྟོན་སར་གནས་སྤོར་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 09-11



 

        ཟླ9བའི་ཚེས5ནས་བཟུང་། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གི་ཉེན་ཆུང་ཁུལ་གྲོང་ཚོ་ཚང་མས་གོ་རིམ་ལྡན་པའི་ངང་རྒྱུན་ལྡན་གྱི་ཐོན་སྐྱེད་དང་འཚོ་བ་སླར་གསོ་བྱེད་མགོ་བརྩམས་པ་དང་། ཚེས8ཉིན་རྨམ་པ་ཤང་གི་འབྲོག་པ་ཚོ་སྟོན་སར་གནས་སྤོ་མགོ་བརྩམས།

        ཚེས8ཉིན། ཞོགས་པའི་ཆུ་ཚོད7སྟེང་ནམ་ལངས་པ་དང་བསྟུན། རྨམ་མ་ཤང་ཐེ་བ་ནང་གྲོང་ཚོའི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གྲོང་ཚོའི་ཨུ་ཡོན་གཉིས་ཀྱི་ཁོངས་མི་དང་མཉམ་དུ་རིམས་འགོག་དངོས་ཟོག་དང་སྨན་རྫས་ཁྱེར་ནས། རླངས་འཁོར་ལ་བསྡད་དེ་གྲོང་ཚོ་དེའི་འབྲོག་མི་དང་མཉམ་དུ་ད་ལོའི་སྐོར་དང་པོའི་སྟོན་སར་གནས་སྤོ་བྱེད་མགོ་བརྩམས།

        རུ་ཁག་དེའི་འབྲོག་པ་ཆོས་གྲགས་ཀྱིས་ཞོགས་པར་འོ་མ་བཞོས་ཚར་རྗེས། ཁྱིམ་ཆས་དང་སྦྲ་གུར་སོགས་གྲ་སྒྲིག་ཡག་པོ་བྱས་ནས་འབྲོག་པ་གཞན་དག་དང་སྟོན་སར་གནས་སྤོ་མགོ་བརྩམས་པ་དང་། ཁོས“ཁྱིམ་ཚང་གང་བོར་མི་དྲུག་དང་འབྲི་གཡག90ཡོད་ལ། སྟོན་ཁ་སླེབས་པ་དང་བསྟུན་ནམ་ཟླ་ཇེ་འཁྱགས་སུ་སོང་བས། རྩྭ་ཡང་ཇེ་ཉུང་དུ་ཕྱིན་པ་དང་། དེ་རིང་ང་ཚོ་ཟླ་གཉིས་ཙམ་ལ་བསྡད་པའི་དབྱར་ས་དང་ཁ་བྲལ་ནས་སྟོན་སར་འགྲོ་རྒྱུ་ཡིན”ཟེར། 

  

        ཡོད་ཚད་གྲ་སྒྲིག་བྱས་ཚར་རྗེས། འབྲོག་པ་ཚོས་རྟ་ཞོན་པ་དང་། སྦག་སྦག་འཁོར་ལོ་བསྐོར་བ། ཡང་ན་རྐང་ཐང་དུ་ཕྱུགས་ཁྱུ་འདེད་བཞིན། སྦྲ་གུར་དང་ཁྱིམ་ཆས་བཞག་ཡོད་པའི་རླངས་འཁོར་བཅུ་ཡི་རྗེས་དེད་ནས་སྟོན་སར་གནས་སྤོས་པ་རེད།

        ཐེ་བ་ནང་གྲོང་ཚོ་དེ་མལ་གྲོ་གུང་དཀར་རྫོང་དང་སྤྱི་ལེ90ཡོད་པ་དང་། ཆ་སྙོམས་ས་བབ་སྨི4600ཟིན་ལ། གྲོང་ཚོ་རུ་བསྡོམས་པས་ཁྱིམ་དུད108མི569ཡོད། ཁོ་ཚོས་གཙོ་བོ་འབྲོག་ལས་གཉེར་བཞིན་ཡོད་པས། བསྡོམས་པས་ཕྱུགས་ཟོག་མགོ་གྲངས4317དང་རྩྭ་སའི་རྒྱ་ཁྱོན་མུའུ་ཁྲི21.48ཟིན་པ་རེད།

        འབྲོག་པ་རྣམས་འབྲོག་སར་ཁ་ཐོར་དུ་སྡོད་པའི་དབང་གིས། ཡང་དག་པའི་སྒོ་ནས་མལ་གྲོ་གུང་དཀར་རྫོང་གི་རིམས་ནད་འགོག་སྡོམ་སྲིད་ཇུས་དང་བྱེད་ཐབས་དུས་ཐོག་ཏུ་བསྒྲགས་ཆེད། ཐེ་བ་ནང་གྲོང་ཚོའི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དང་གྲོང་ཚོའི་ཨུ་ཡོན་གཉིས་ཀྱི་ཁོངས་མིས་ཉིན་དེ་ནས་བཟུང་གྲོང་ཚོའི་ཁྱིམ་དུད108དུ་བསྐྱོད་ནས། ཁོང་ཚོར་རིམས་འགོག་སྨན་རྫས་དང་ཁ་ཐུམ་སྤྲད་པ་དང་། རིམས་འགོག་སྲིད་ཇུས་དང་ཚན་རིག་ཁྱབ་གདལ། རིམས་འགོག་ཤེས་བྱ་སྒྲོག་འགྲེལ་བཅས་བྱས་པ་བརྒྱུད། མང་ཚོགས་ཀྱིས་རང་འགུལ་གྱིས་རིམས་འགོག་བྱེད་པར་སྣེ་ཁྲིད་དེ་རང་ངོས་ཀྱི་འགོག་སྲུང་ནུས་བ་ཇེ་མཐོར་བཏང་ཡོད། 

  

        ཐེ་བ་ནང་གྲོང་ཚོའི་བཅའ་སྡོད་ལས་དོན་རུ་ཁག་གི་རུ་དཔོན་ནམ་ཧྲུའུ་ཅི་དང་པོ་བེ་སེ་ཡིས། མལ་གྲོ་གུང་དཀར་རྫོང་གི་རིམས་ནད་འགོག་སྡོམ་རིམ་བཞིན་ཇེ་ལེགས་སུ་ཕྱིན་པ་དང་བསྟུན། གྲོང་ཚོ་དེས་རྒྱུན་རྣམ་ཅན་གྱི་སྒོ་ནས་རིམས་ནད་འགོག་སྡོམ་ལས་དོན་ཁག་ཡག་པོར་སྒྲུབ་ཞོར་ལས་མགོ་བསྐྱར་འཛུགས་ལས་དོན་སྤེལ་བ་དང་། མཁོ་གལ་ཆེ་བའི་སྣུམ་སོགས་འཚོ་བའི་མཁོ་ཆས་མཐུན་སྦྱོར་ཐག་གཅོད་ཧུར་ཐག་བྱས་ཏེ་མང་ཚོགས་ཀྱི་དུས་ཚིགས་རང་བཞིན་གྱི་འབྲོག་སར་གནས་སྤོ་དང་། གཟན་རྩྭ་བརྔ་བསྡུ། དགུན་དུས་ཀྱི་གཟན་རྩྭ་གསོག་འཇོག་སོགས་ཀྱི་ལས་དོན་དུས་ཐོག་ཏུ་བཀོད་སྒྲིག་བྱས་ཐོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་རིམ་བཞིན་སླར་གསོ་བྱས་ཡོད་ཅེས་ཟེར། ། 

  

  

  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1