ཨུ་རུ་སི་དང་ཧྥ་རན་སི་རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་ཁ་པར་བརྒྱུད་དེ་ཝུའུ་ཁི་ལན་གྱི་གནས་བབ་སོགས་གནད་དོན་ལ་གྲོས་བསྡུར་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 09-13



        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་བཅུ་གཅིག་ཉིན་དུས་བཅད་ལྟར་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་ལ་ཁ་པར་བཏང་སྟེ། ཕྱོགས་གཉིས་ཀྱིས་ཝུའུ་ཁི་ལན་གྱི་གནས་བབ་སོགས་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས་པ་དང་། དེའི་ནང་ཀྲ་པའོ་ལོ་རི་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་ཀྱི་བདེ་འཇགས་འགན་སྲུང་དང་འཛམ་གླིང་ཡོངས་ཀྱི་འབྲུ་རིགས་བདེ་འཇགས་སོགས་འདུས། 

        ཕུའུ་ཅིན་གྱིས་ཁ་པར་གཏོང་སྐབས་བསྟན་དོན། ཝུའུ་ཁི་ལན་ཕྱོགས་ཀྱིས་ཡང་དང་བསྐྱར་དུ་ཀྲ་པའོ་ལོ་རི་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་ཀྱི་ཉིང་རྡུལ་ནུས་པའི་མཁོ་མེད་རྒྱུ་ཆའི་གསོག་འཇོག་མཛོད་ཁང་སོགས་ལ་འཇབ་རྒོལ་བྱས་པ་དང་། དེ་ལས་གནོད་འཚེ་རང་བཞིན་གྱི་མཇུག་འབྲས་འབྱུང་ངེས་རེད། ཨུ་རུ་སིའི་ཆེད་མཁས་པས་ཀྲ་པའོ་ལོ་རི་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་ཀྱི་བདེ་འཇགས་ལ་འགན་སྲུང་བྱེད་པའི་ཐད་བྱེད་ཐབས་རབ་དང་རིམ་པ་སྤྱད་ཡོད། མིག་སྔར་ཝུའུ་ཁི་ལན་སྲིད་གཞུང་ལ་གནོན་ཤུགས་བྱིན་ནས། ཝུའུ་ཁི་ལན་གྱིས་མྱུར་མོར་ཀྲ་པའོ་ལོ་རི་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་སུ་མེ་སྒྱོགས་འཇབ་རྒོལ་བྱེད་མཚམས་འཇོག་ཏུ་འཇུག་དགོས་ཟེར། ཨུ་རུ་སི་དང་ཧྥ་རན་སི་ཕྱོགས་གཉིས་ཀྱིས་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་ཟབ་ཞུགས་འོག་ཀྲ་པའོ་ལོ་རི་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་ཉེ་འཁོར་གྱི་གནས་བབ་ཐད་ནས་ཆབ་སྲིད་མ་ཡིན་པའི་རོགས་ལས་བྱེད་འདོད་ཡོད་པའི་ཚུལ་བསྟན། 

        ཧྥ་རན་སིའི་ཙུང་ཐུང་བཞུགས་ཤག་གིས་གསར་འགྱུར་སྤྱི་སྒྲོག་ནང་བསྟན་དོན། མཱ་ཁི་ལུང་གིས་ཕུའུ་ཅིན་དང་ཁ་པར་གྲོས་མོལ་བྱེད་སྐབས་ཀྲ་པའོ་ལོ་རི་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་ཀྱི་བདེ་འཇགས་ལ་འགན་སྲུང་བྱེད་པའི་དགོས་གལ་རང་བཞིན་བསྐྱར་སྒྲོག་བྱས། ཁོས་ཨུ་རུ་སིའི་དམག་དཔུང་གིས་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་ནས་རང་གི་ལྗིད་པའི་མཚོན་ཆ་དང་ཡང་བའི་མཚོན་ཆ་ཕྱིར་འཐེན་བྱེད་པ་དང་། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་གྲོས་གཞི་ལྟར་དུ་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་དེའི་བདེ་འཇགས་ལ་འགན་སྲུང་བྱེད་དགོས་པའི་འབོད་སྐུལ་བཏང་། 

        གསར་འགྱུར་སྤྱི་སྒྲོག་ལས་བཤད་རྒྱུར། མཱ་ཁི་ལུང་གིས་ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་དང་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཀི་ལོ་ཞི་གཉིས་ཀྱི་བར་འབྲེལ་འདྲིས་སྲུང་འཛིན་བྱེད་རྒྱུ་མ་ཟད། མ་འོངས་པའི་ཉིན་འགའི་ནང་ཕུའུ་ཅིན་དང་ཡང་བསྐྱར་ཁ་པར་གྲོས་མོལ་བྱས་ཏེ། ཀྲ་པའོ་ལོ་རི་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་ཀྱི་བདེ་འཇགས་ལ་འགན་སྲུང་བྱེད་པའི་ཐད་ནས་བསམ་ཚུལ་གཅིག་གྱུར་ཡོང་བར་བྱེད་རྒྱུ་ཡིན་ཟེར། 

        འཛམ་གླིང་ཡོངས་ཀྱི་འབྲུ་རིགས་བདེ་འཇགས་གནད་དོན་གླེང་སྐབས་ཕུའུ་ཅིན་གྱིས་བསྟན་དོན། མཚོ་ནག་གྲུ་ཁ་ནས་ཕྱིར་སྐྱེལ་བྱེད་པའི་འབྲུ་རིགས་ཀྱིས་ཐོག་མར་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་གི་དགོས་མཁོ་བསྐང་དགོས་པས། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨུ་རུ་སིའི་ཞིང་ཞོར་ཐོན་རྫས་དང་ལུད་རྫས་དག་ཨ་ཧྥེ་རི་ཁ་གླིང་དང་དབུས་ཤར། ལཱ་ཏེན་མེ་གླིང་བཅས་ཀྱི་ཚོང་རའི་མཁོ་འདོན་ལ་བཀག་རྒྱ་བཟོ་མི་རུང་ཟེར། མཱ་ཁི་ལུང་གིས་བསྟན་དོན། ཡོ་རོབ་གླིང་གི་བཀག་སྡོམ་བྱེད་ཐབས་དེ་ཞིང་ཞོར་ཐོན་རྫས་དང་ཞིང་ལས་ཀྱི་ཐོན་རྫས་གལ་ཆེན་རན་པ་མིན་ལ། ཨུ་རུ་སི་དང་བཅས་པའི་རྒྱལ་སྤྱིའི་གྲོགས་པོ་དག་ལ་ཐུན་མོང་གི་འགན་འཁྲི་ཞིག་ཡོད་པ་ནི། འབྲུ་རིགས་བདེ་འཇགས་ཀྱི་ཉེན་ཁ་ཆེན་པོར་འཕྲད་པའི་རྒྱལ་ཁབ་དག་ལ་མུ་མཐུད་དུ་མཁོ་ཚད་ཀྱི་འབྲུ་རིགས་ཐོབ་པར་ཁག་ཐེག་བྱེད་རྒྱུ་དེ་ཡིན་ཟེར།  །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1