༄༅།། སློབ་གྲྭ་ཆུང་འབྲིང་གི་སློབ་གསོའི་ཐབས་ལམ་གལ་ཆེན་གཉིས།

ཤ་བོ་རྒྱ་མཚོ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 09-14




ཤ་བོ་རྒྱ་མཚོ། བོད་ལྗོངས་མངའ་རིས་ས་ཁུལ་སློབ་གསོ་ཅུས་སློབ་དཔྱོད་ཁང་། 



  

 གཅིག སློབ་མའི་གཤིས་ཀར་རྒྱུས་ལོན་བྱས་ཏེ་སློབ་གསོ་གཏོང་དགོས།

        སློབ་གྲྭ་ཆུང་འབྲིང་ཁག་གི་དགེ་རྒན་རྣམས་ལ་མཚོན་ན། གཟུགས་པོ་དང་ཀུན་སྤྱོད། ཤེས་རིག་དང་བསམ་བློ་སོགས་ཕྱོགས་ཡོངས་ནས་ཚད་ལྡན་གྱི་ཆུང་འབྲིང་སློབ་མ་ལེགས་པོ་ཞིག་གསོ་སྐྱོང་བྱ་རྒྱུ་དེ་དམིགས་ཡུལ་ཡིན་མོད། སློབ་མ་རང་ཉིད་ཀྱི་ལྷན་སྐྱེས་ཀྱི་ཤེས་རབ་བཟང་མིན་དང་། རང་ཉིད་འཚར་ལོངས་འབྱུང་སའི་ཁྱིམ་ཚང་གི་སློབ་གསོའམ་སྤྱི་ཚོགས་ཀྱི་གནས་བབ་མི་འདྲ་བ་སོགས་ཀྱི་དབང་གིས་སློབ་མ་རེ་རེའི་ཕྱིའི་ཀུན་སྤྱོད་དང་ནང་གི་ཀུན་སློང་ལ་བརྟག་དཔྱད་བྱས་ཚེ། དེ་དག་གི་སེམས་ཁམས་ཀྱང་གཅིག་མཚུངས་མ་ཡིན་པས། དུས་རྒྱུན་གྱི་སློབ་གསོའི་གོ་རིམ་ཁྲོད་སློབ་མ་ལ་ལར་བསྔགས་བརྗོད་བྱས་ཚེ། དེ་མ་ཐག་སྐུལ་འདེད་ཀྱི་བྱེད་ནུས་ཐོན་ཐུབ་ཅིང་། སློབ་མ་ལ་ལར་དེ་ལས་ལྡོག་སྟེ་གནས་ལུགས་བཤད་ཅིང་སྐྱོན་བརྗོད་བྱས་ཚེ། སྐྱོན་ཡོ་བསྲང་བྱེད་པའི་ནུས་པ་འདོན་ཐུབ། སློབ་སྦྱོང་གི་སྦྱངས་འབྲས་དམན་པའི་སློབ་མ་ཞིག་ལ་ཆ་མཚོན་ན། དགེ་རྒན་དང་སློབ་གྲོགས་ཡོངས་ཀྱིས་རང་ཉིད་ལ་ལྟ་ཚུལ་ངན་པ་བཟུང་ཡོད་ཅིང་། ཕྱོགས་རེ་བའི་ལྟ་ཚུལ་དང་རྣམ་འགྱུར་དེ་དག་གིས་སློབ་མ་དེ་དག་གི་སེམས་ཁམས་ལ་གནོད་སྐྱོན་ཐེབས་ནས་རང་གཅེས་རང་བཀུར་གྱི་བསམ་བློ་ཉམས་ཞན་དུ་གྱུར་པས། རང་ཉིད་ནི་འཛིན་གྲྭ་ཡོངས་ལས་ཐ་ཤལ་དུ་བརྩིས་ཏེ་ནམ་རྒྱུན་རྒྱུགས་འབྲས་ལེགས་པའི་སློབ་གྲོགས་ཚོ་དང་ཁ་ཐག་ཇེ་རིང་དུ་བཏང་ནས། སློབ་བྱོལ་བྱེད་པའམ་ཡང་ན་སློབ་གྲོགས་གཞན་གྱི་ལས་བྱ་བཤུ་འབྲི་བྱེད་པ།ཡང་ན་རྒྱུགས་གཞི་བརྐུ་འབྲི་བྱེད་པ་སོགས་ནམ་ཡང་མ་རབས་ཀྱི་སྤྱོད་པ་སྣ་ཚོགས་ཀྱི་འཕྲོས་བསྐྱངས་ཏེ། བྱ་སྤྱོད་ངན་པ་དེ་དག་གིས་རང་ཉིད་ཀྱི་བདེ་ཐང་གི་བསམ་བློར་ཤུགས་རྐྱེན་ངན་པ་བཟོས་དང་བཟོ་བཞིན་ཡོད། དེ་བས་དགེ་རྒན་ཚོས་ངེས་པར་དུ། སློབ་མ་དེ་དག་གི་ཀུན་སྤྱོད་དང་གཤིས་ཀ སེམས་ཁམས་བཅས་ལ་དབྱེ་ཞིབ་ནན་མོ་བྱས་ཏེ། སྦྱངས་འབྲས་ཞན་པའི་སློབ་མ་དེ་དག་ལ་གང་ལ་གང་འཚམ་སྒོས་སློབ་གསོའི་བྱེད་ཐབས་བེད་སྤྱོད་དགོས་པར་མ་ཟད། སློབ་མ་དེ་དག་གི་གཤིས་ཀ་དང་སེམས་ཁམས་ལ་སྔར་ལས་ཀྱང་རྒྱུས་ལོན་ཟབ་མོ་བྱས་ཏེ་ཁོ་ཚོར་གོ་བསྐོན་བློ་འགུག་གི་སློབ་གསོ་བྱེད་པ་དང་མཉམ་དུ་ཁོ་ཚོའི་རང་གཅེས་རང་བཀུར་གྱི་བསམ་བློར་ཁ་ཕྱོགས་ཡོད་པ་དང་། ཕུགས་བསམ་ལྡན་པའི་སྣེ་ཁྲིད་ཀྱི་ནུས་པ་འདོན་དུ་འཇུག་དགོས།


 གཉིས། རྒྱུགས་འབྲས་ཁོ་ནས་སློབ་མའི་ཆུ་ཚད་གཞལ་མི་རུང་།

         སློབ་མ་ཞིག་ལ་མཚོན་ན། རྒྱུགས་འབྲས་བཟང་མིན་ཁོ་ནས་སློབ་མ་དེའི་ཆུ་ཚད་གཞལ་མི་རུང་ཞིང་། རྒྱུགས་འབྲས་ཀྱི་རྣམ་པ་ཁོ་ནས་སློབ་མ་གང་དེའི་མ་འོངས་པའི་ཕུགས་བསམ་དང་མདུན་ལམ་སོགས་རྣམ་པ་ཐམས་ཅད་དུ་ཐག་གཅོད་མི་ནུས། ཡིན་ནའང་། རྒྱུགས་འབྲས་དམན་པའི་སློབ་མ་ལ་དགེ་རྒན་དང་སློབ་གྲོགས་ཚོས་དུས་རྒྱུན་མཐོང་ཆུང་དང་ཟུར་ཟ། འཕྱ་སྨོད་བྱས་ཏེ་སློབ་མ་དེ་དག་ལ་ལྟ་ཚུལ་ལེགས་པོའི་རྣམ་འགྱུར་མི་འཛིན་པས། རྒྱུགས་འབྲས་ཞན་པའི་སློབ་མ་དེ་དག་གི་རང་གཅེས་རང་བཀུར་གྱི་བསམ་བློ་ཡལ་ཏེ་སློབ་སྦྱོང་གང་བྱས་ཀྱང་རང་ཉིད་ལ་སྤྲོ་འདུན་མེད་ཅིང་། ཐ་ན་རང་ཉིད་ལ་ཡིད་ཆེས་ཙམ་ཡང་མེད་པར་གྱུར་ཏེ་མ་རབས་ཐ་ཤལ་གྱི་སྤྱོད་ངན་སྣ་ཚོགས་ལ་འཇུག་སྲིད། རྒྱུགས་འབྲས་ཁོ་ནས་སློབ་མའི་མིག་མདུན་གྱི་སྤྲོ་སྣང་ཆེས་ཆེར་རྒྱས་སུ་འཇུག་ཐུབ་མོད། རྒྱུགས་འབྲས་བཟང་བའི་སློབ་མ་གང་དེའི་སྤྱི་ཚོགས་ཀྱི་ནུས་པ་དང་ཉམས་མྱོང་ཕར་ཞོག སློབ་དེབ་གཅིག་པུའི་ངོས་ཀྱི་ཤེས་བྱ་རྣམས་ནེ་ཙོའི་ཀློག་འདོན་ལྟར་ཆགས་པ་ལས། རྨང་གཞིའི་ཤེས་བྱ་དང་སྣ་མང་ཤེས་བྱའི་ཁྱབ་རྒྱ་ཇེ་ཆེར་གཏོང་མ་ཐུབ་པས། རྗེས་མར་སློབ་གྲྭ་ཆེན་མོའམ། ཞིབ་འཇུག་སློབ་མ་སོགས་ལ་རྒྱུགས་སྤྲོད་དགོས་ཚེ། དེ་དག་ལ་རྨང་གཞིའི་ཤེས་བྱས་དབུལ་བའི་དཀའ་ངལ་ལ་འཕྲད་སྲིད། དེ་བས། བསླབ་དེབ་ངོས་ཀྱི་རྒྱུགས་འབྲས་བཟང་མིན་ཁོ་ནས་སློབ་མའི་བཟང་ངན་འབྱེད་པ་དེ་ནི་དངོས་ཡོད་གནས་ཚུལ་དང་མི་མཐུན་པ་ཞིག་ཏུ་གྱུར་ཡོད། གོང་གི་གནས་ཚུལ་དེ་དག་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་ཚོས་དུས་བསྟུན་བབ་བསྟུན་སྒོས་སློབ་གསོ་བཏང་སྟེ་ཆུང་འབྲིང་སློབ་མ་རྣམས་ལ་རང་གཅེས་རང་བཀུར་གྱི་བསམ་བློ་ཆགས་སུ་བཅུག་སྟེ། ནམ་ཡང་རྒྱུགས་འབྲས་ཁོ་ནས་སློབ་མའི་ཆུ་ཚད་གཞལ་མི་རུང་ངོ་། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1