༄༅།། མི་སྣ་ཞིབ་འབྲི་བྱེད་པའི་རྩོམ་ཡིག་འབྲི་དུས་མཉམ་འཇོག་བྱ་དགོས་ས་འགའ།

འབྲུག་མོ་ཡག རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 09-14




འབྲུག་མོ་ཡག རྨ་ལྷོ་ཁུལ་ཐུན་རིན་གྲོང་ཁྱེར་སློབ་གསོ་ཅུས། 



        མི་སྣ་ཞིབ་འབྲི་བྱེད་པ་ནི་རྩོམ་ཡིག་གི་རྩ་བའི་བླང་བྱ་ཡིན། མི་སྣ་གང་ཞིག་འབྲི་བཞེངས་བྱེད་དུས་མི་སྣ་དེའི་ཕྱིའི་སྣང་བརྙན་འབུར་དུ་དོད་དེ་བྲིས་ཆོག དཔེར་ན་བྲི་བྱའི་མི་སྣ་གང་དེའི་ལས་ཀ་གང་ཞིག་བྱེད་བཞིན་པའི་གནས་ཚུལ་དང་། བྱ་བ་སོགས་བྱེ་བྲག་གི་ལམ་ནས་བྲིས་ཆོག་ལ། བྲི་བྱའི་མི་སྣ་གང་དེའི་ནང་སེམས་ཀྱི་འགྱུར་བ་འབུར་དུ་དོད་དེ་བྲིས་ཀྱང་ཆོག དེ་ཡང་ཞིབ་འབྲི་བྱེད་པའི་མི་སྣ་གང་དེས་བྱ་བ་གང་ཞིག་སྒྲུབ་དུས་མི་གཞན་ལ་འབྲེལ་འདྲིས་བྱས་པའི་གནས་ཚུལ་དང་། དཔེ་མཚོན་ཅན་གྱི་ཁོར་ཡུག་ཁྲོད་ནས་བྱུང་བའི་མི་སྣའི་ནང་སེམས་ཀྱི་འགྱུར་བ་དང་། དེ་ལས་བྱུང་བའི་དགའ་སྐྱོ་ཆགས་སྡང་ཅི་རིགས་བྲིས་ཆོག་པར་མ་ཟད། མི་སྣའི་སྐད་ཆ་དང་རྣམ་འགྱུར་སོགས་ཕྱིའི་རྣམ་པ་དང་ནང་སེམས་ཀྱི་འགྱུར་བ་གཉིས་ཕན་ཚུན་བསྣོལ་ཏེ་བྲིས་ཀྱང་ཆོག


 གཤམ་ནས་མི་སྣ་ཞིབ་འབྲི་བྱེད་པའི་རྩོམ་ཡིག་འབྲི་དུས་མཉམ་འཇོག་བྱ་དགོས་ཚུལ་འགའ་བརྗོད་པར་བྱ་སྟེ།

        གཅིག ཞིབ་འབྲི་བྱེད་པའི་མི་སྣ་གང་དེ་ཇི་འདྲ་ཞིག་ཡིན་ཚུལ་གསལ་པོར་འབྲི་དགོས། དཔེར་ན་མི་སྣ་གང་དེའི་ལོ་ཚོད་དང་། ཕོ་མོའི་དབྱེ་བ། ཕྱིའི་རྣམ་པ། ལས་རིགས། གཤིས་སྤྱོད་སོགས་སྣང་བརྙན་ལྡན་པའི་སྒོ་ནས་བྲིས་ཆོག

        གཉིས། ཞིབ་འབྲི་བྱེད་པའི་མི་སྣ་གང་དེའི་ཁྱད་ཆོས་འབུར་དུ་དོད་ནས་འབྲི་དགོས། ཞིབ་འབྲི་བྱེད་པའི་མི་སྣ་གང་དེ་མི་སྣ་གཞན་དག་དང་མི་འདྲ་བའི་ཁྱད་ཆོས་རྣམས་གཙོར་བཟུང་ནས་འབྲི་དགོས་ཏེ། མི་སྣའི་སྣང་བརྙན་གྱི་ཁྱད་ཆོས་དེ་དག་དམིགས་སུ་བཟུང་ནས་འབྲི་ཐུབ་ཚེ། ཀློག་པ་པོ་རྣམས་ལ་བག་ཆགས་ཟབ་མོ་འཇོག་ཐུབ་པར་མ་ཟད། མི་སྣའི་སྣང་བརྙན་ཞིབ་འབྲི་བྱས་པའི་རྩོམ་ཡིག་གང་དེར་ཡིད་འགུག་གི་ནུས་པ་ལྡན་སྲིད།

        གསུམ། བྱུང་རིམ་བྱེ་བྲག་པ་བརྒྱུད་ནས་མི་སྣའི་སྣང་བརྙན་མཚོན་དགོས་པ་ལས། དགོས་མེད་ཀྱི་ཚིག་ཉོག་བཀོལ་ནས་མི་སྣ་ཞིབ་འབྲི་བྱ་མི་རུང་། མི་སྣ་གང་ཞིག་གི་སྣང་བརྙན་འབྲི་བཞེངས་བྱེད་དུས། བདམས་ཟིན་པའི་བརྗོད་བྱ་དེ་དག་གིས་མི་སྣའི་གཤིས་ཀ་ཡོངས་སུ་མཚོན་ཐུབ་དགོས། གལ་སྲིད། ཁྱོད་ཀྱིས་བརྗོད་བྱ་ལེགས་པོ་ཞིག་བདམས་ཏེ་བརྗོད་དོན་རྣམས་རེ་རེ་བཞིན་ཞིབ་འབྲི་བྱ་ཐུབ་པར་གྱུར་ཚེ། མི་སྣའི་སྣང་བརྙན་ཡང་གསོན་ཉམས་ལྡན་པའི་ངང་བཞེངས་སྐྲུན་བྱ་ཐུབ་སྟེ། དཔེར་ན། རྩོམ་པ་པོ་ཚེ་རིང་དོན་གྲུབ་ཀྱིས་བྲིས་པའི《ར་ལོ》དང་། རྩོམ་པ་པོ་ལྷ་བྱམས་རྒྱལ་གྱིས་བྲིས་པའི《པེ་ཅིན་གྱི་བོད་པ》ལྟ་བུ་ཞིབ་ཏུ་བཀླགས་ཚེ། སྒྲུང་གཏམ་དེ་གཉིས་ལས་མངོན་པའི་ར་ལོ་དང་པེ་ཅིན་གྱི་བོད་པ་ལྟ་བུའི་མི་སྣ་བྱེ་བྲག་པ་སྐོར་ཞིག་གི་སྣང་བརྙན་ཀློག་པ་པོ་རྣམས་ཀྱི་ཡིད་ངོར་གཟུགས་ཅན་བཞིན་དུ་འདྲེན་ནུས།

        བཞི། མི་སྣའི་བྱ་སྤྱོད་དང་གཤིས་ཀ་གསོན་ཉམས་ལྡན་པའི་སྒོ་ནས་འབྲི་དགོས། མི་སྣ་སུ་ཞིག་ཞིབ་འབྲི་བྱེད་དུས། མི་སྣ་གང་དེའི་བྱ་སྤྱོད་དང་གཤིས་ཀ་རྩོམ་ཡིག་གི་བྱུང་རིམ་ཕྲ་མོ་དང་འབྲེལ་ནས་བརྗོད་དགོས་ཤིང་། ངེས་པར་དུ་བྱུང་རིམ་ཕྲ་མོའི་འགྱུར་བ་རྣམས་གཞི་རྩར་བཟུང་ནས་མི་སྣའི་སྣང་བརྙན་རྣམས་ཞིབ་འབྲི་བྱས་ཚེ། རབ་རིབ་ཏུ་གྱུར་པའི་མི་སྣ་གང་དེའི་སྣང་བརྙན་ཤ་ཡོད་ཁྲག་ལྡན་གྱི་མི་སྣ་རུ་འགྱུར་ཏེ། དཔེར་ན། 《བོད་ཀྱི་གཅེས་ཕྲུག》ལྟ་བུར་ཆ་མཚོན་ནས་བཤད་ན། རྩོམ་པ་པོས་བརྗོད་འདོད་པའི་མི་སྣའི་བྱ་སྤྱོད་དང་གཤིས་ཀ་རྣམས་རང་གཤིས་ཅན་དུ་བཏང་སྟེ་ཚིག་ལ་གསོན་ཉམས་ལྡན་ཞིང་། མི་སྣའི་སྣང་བརྙན་འབུར་དུ་བཏོད་པས་སྒྲུང་གཏམ་ཧྲིལ་པོར་བོད་ཀྱི་མཛེས་དཔྱོད་ཀྱི་ལྟ་བས་བརྒྱན་ཅིང་། བརྩམས་ཆོས་ཧྲིལ་པོར་མར་དྲི་རྩམ་དྲིས་ཁྱབ་འདུག་པས།ཀློག་པ་པོ་རྣམས་ཀྱི་སྣང་ངོར་མི་སྣའི་སྣང་བརྙན་མ་ལུས་གསོན་ཉམས་ལྡན་པའི་ངང་འཆར་བར་འགྱུར།

        ལྔ། མི་སྣའི་སྐད་ཆ་ཞིབ་འབྲི་བྱེད་དུས་མི་སྣ་གང་དེའི་གཤིས་ཀར་འཚམ་དགོས། བརྗོད་འདོད་པའི་མི་སྣ་གང་དེའི་ལོ་ཚོད་དང་ལས་རིགས། ཐོབ་ཐང་། གཤིས་ཀ་སོགས་མི་འདྲ་བའི་དབང་གིས་མི་སྣ་གང་དེས་བཤད་པའི་སྐད་ཆ་ལའང་བར་ཁྱད་ཤིན་ཏུ་ཆེ། མི་སྣའི་སྐད་ཆ་ནི་མི་སྣའི་རང་གཤིས་དང་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ཡོད་པས། མི་སྣའི་སྐད་ཆ་ཞིབ་འབྲི་བྱེད་དུས། ངེས་པར་དུ་མགོ་ལུས་དང་འཚམ་ཞིང་སྐད་ཆ་མི་སྣའི་རང་གཤིས་དང་མཐུན་པ་ཞིག་ཡིན་ཚེ། ཚིག་དོན་འབྲེལ་ཞིང་དཔེ་དོན་འབྱོར་བའི་ཁྱད་ཆོས་འཛོམས་པར་འགྱུར་སྲིད།

        དྲུག རྩོམ་ཡིག་གི་བརྗོད་བྱ་དཀྱིལ་སྙིང་དུ་བཟུང་ནས་མི་སྣ་ཞིབ་འབྲི་བྱ་དགོས། མི་སྣའི་སྣང་བརྙན་ཞིབ་འབྲི་བྱེད་པའི་རྩོམ་ཡིག་འབྲི་དུས། མི་སྣའི་སྣང་བརྙན་རྩོམ་ཡིག་གི་བརྗོད་སྙིང་ལྟར་ཞིབ་འབྲི་བྱེད་དགོས་པ་ལས། མི་སྣའི་སྣང་བརྙན་སྤྱི་གཤིས་ཅན་དང་ཚིག་སྦྱོར་དང་བྱུང་རིམ་འགལ་འབྲེལ་ཅན། ཚིག་དོན་བསྐྱར་ཟློས་ཅན་ལ་སོགས་པའི་སྐྱོན་དང་བྲལ་བར་བྱས་ཏེ། རྩོམ་ཡིག་གི་མགོ་མཇུག་བར་གསུམ་བརྗོད་སྙིང་དང་དམ་དུ་འབྲེལ་དགོས་པར་མ་ཟད། བརྗོད་འདོད་པའི་མི་སྣའི་སྣང་བརྙན་རྣམས་བྱེ་བྲག་གི་བྱ་དངོས་དང་དོན་རྐྱེན་ལ་སྦྱར་ཏེ་ཐོག་མར་མི་སྣ་རེ་རེའི་སྣང་བརྙན་བློས་བསླངས་བྱ་དགོས་ཤིང་། དེ་ནས་མི་སྣ་དེ་དག་གི་རང་གཤིས་རྩོམ་ཡིག་གི་བརྗོད་སྙིང་ལྟར་ཞིབ་འབྲི་བྱ་དགོས་པ་ཡིན་ནོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1