རིམས་འགོག་གི་འཐབ་ས་རྒྱབ་མར་འབད་འཐབ་གནང་མཁན་ཚོར་གུས་འདུད་ཞུ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 09-15



      ཟླ་བརྒྱད་པའི་ཚེས་ཤར་ནས་བཟུང་མངའ་རིས་ས་ཁུལ་དུ་ཏོག་གསར་གློ་ཚད་རིམས་ནད་ཀྱི་སྨུག་རྡུལ་གྱིས་ཁྱབ་ཅིང་སྤྲོ་སྣང་དང་འཆམ་མཐུན་གྱིས་ཕྱུག་པའི་གོ་རིམ་ལྡན་ལ་བདེ་འཇགས་ཀྱི་འཚོ་བ་དེ་རིམས་འགོག་གི་འཐབ་ས་རྒྱབ་མདུན་གཉིས་སུ་གྱེས། ཛ་དྲག་ལ་རྙོག་འཛིང་ཆེ་བའི་རིམས་ནད་འགོན་ཟོན་གྱི་དུས་བབ་ལ་དམིགས་ནས་“ཕྱིར་མི་འགྲོ་བ”དེ་མི་དམངས་དངུལ་ཁང་མངའ་རིས་ལྟེ་བའི་ཡན་ལག་དངུལ་ཁང་གི་མི་ཚང་མས་ངེས་པར་དུ་བརྩི་སྲུང་ཞུ་དགོས་པའི་སྒྲིག་ལམ་ཞིག་ཏུ་གྱུར་ཡོད། མི་དམངས་དངུལ་ཁང་མངའ་རིས་ལྟེ་བའི་ཡན་ལག་དངུལ་ཁང་གི་རིམས་ནད་འགོག་ཟོན་གྱི་འཐབ་ས་དང་པོར་འགན་ལེན་གོ་ཆོད་ཀྱི་“རྒྱབ་ཕྱོགས་མཁོ་སྒྲུབ”ཀྱི་དཔུང་ཁག་གཅིག་ཐོག་མཐའ་བར་གསུམ་དུ་ཡོད་པ་དང་། ཁོང་ཚོས་བླ་མེད་ཀྱི་བློ་སྟོབས་དང་། ཟོལ་མེད་ཀྱི་བརྩེ་སེམས། ཞུམ་པ་མེད་པའི་སྤྱོད་ཚུལ་བཅས་ཀྱི་ཐོག་ནས་རིམས་ནད་ལ་འགོག་རྒོལ་བྱེད་ཅིང་། སྙིང་ཉེ་བ་དང་སེམས་རྩ་འཁོལ་བའི་ཞབས་ཞུར་བརྟེན་ནས་མི་དམངས་དངུལ་ཁང་མངའ་རིས་ལྟེ་བའི་ཡན་ལག་དངུལ་ཁང་གི་རྒྱབ་རྟེན་ཆེ་ཤོས་སུ་གྱུར་ཡོད།

 


      རིམས་འགོག་དངོས་རྫས་དག་དུས་ཐོག་དང་གནད་འཕིགས་སྒོས་མཁོ་འདོན་བྱས་ཐུབ་ཚེ་ད་གཟོད་སེམས་ཁྲལ་མེད་པའི་སྒོ་ནས་རིམས་འགོག་གི་གཡུལ་སར་ཞུགས་ཆོག མི་དམངས་དངུལ་ཁང་མངའ་རིས་ལྟེ་བའི་ཡན་ལག་དངུལ་ཁང་གི་རྒྱབ་ཕྱོགས་མཁོ་སྒྲུབ་ལས་དོན་གྱི་འགན་འཁུར་བ་ཉི་མ་བཀྲ་ཤིས་དང་ཚེ་དབང་རྣམ་རྒྱལ་གྱིས་དངོས་ཟོག་འགན་ལེན་ལས་དོན་གྱི་དུས་ཚོད་ཛ་དྲག་པ་དང་ལས་འགན་ལྕི་བའི་དཀའ་ངལ་ཁྱད་དུ་བསད་ནས་རང་འགུལ་ངང་འགན་འཁྲི་ཁུར་ནས་འཐབ་ས་མདུན་མར་རྒྱབ་ཕྱོགས་མཁོ་སྒྲུབ་ཀྱི་ལས་དོན་བསྒྲུབས་ཡོད། ཁོང་ཚོས་ཁྱིམ་སྡོད་ལོགས་དབྱེའི་ངལ་གསོའི་དུས་ཚོད་བློས་བཏང་ནས་ལས་གཉེར་བའི་མི་གྲངས་དང་ཁྱིམ་སྡོད་ལས་བྱེད་པའི་མི་གྲངས་ལ་གཞིགས་ཏེ་རིགས་ཁག་གི་དངོས་ཟོག་གི་དགོས་མཁོ་ཚོད་རྩིས་བྱས་ཁར་དངོས་ཟོག་གསོག་འཇོག་བྱེད་ཚད་འགན་ལེན་བྱས་ནས་རྒྱུན་སྤྱོད་ཀྱི་དངོས་ཟོག་མཁོ་སྤྲོད་འདང་ངེས་ཡོང་བ་བྱས་ཡོད། སྡེ་ཚན་ཁག་གིས་རྒྱུན་མི་ཆད་པར་བསྐུར་ཡོང་བའི་དངོས་ཟོག་དགོས་མཁོའི་གསལ་ཐོ་སྣ་ཚོགས་ལ་གཞིགས་ཏེ་འཕྲལ་དུ་རྒྱུན་སྤྱོད་དང་དམིགས་བསལ་བཅས་རིགས་གཉིས་སུ་འབྱེད་ཏེ་ལས་དོན་མི་སྣར་དངོས་ཟོག་གྲ་སྒྲིག་གམ་འཕྲལ་མར་ཉོ་སྒྲུབ་བྱེད་དུ་བཅུག་ནས་དུས་ཐོག་ཏུ་ལས་བཟོ་བའི་ཁྱིམ་དུ་སྐྱེལ་གྱི་ཡོད། རིམས་འགོག་དངོས་ཟོག་བསྡུ་རུབ་དང་ཉོ་སྒྲུབ་བགོ་འགྲེམ། དེ་ནས་བཟའ་བཅའ་དག་གཅིག་གྱུར་ངང་མཁོ་སྤྲོད་དང་མི་སྒེར་གྱི་དགོས་མཁོ་སྐོང་བ་བཅས་ཀྱི་བར་ཁོང་ཚོས་བྱ་བ་ཆེ་ཆུང་ལ་མ་བལྟོས་པར་ཡོད་ཚད་གྲ་སྒྲིག་ཨང་གསར་བྱས་ཏེ་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་གྱིན་ཡོད།


 


      ཚེ་དབང་རྣམ་རྒྱལ་གྱིས་གང་ལྟར་ང་ཚོས་དངོས་ཟོག་རིགས་ཁག་འདང་ངེས་ཡོང་བ་འགན་ལེན་དང་ལས་བྱེད་ལས་བཟོའི་ལས་ཀ་དང་འཚོ་བའི་དཀའ་ངལ་ངེས་པར་དུ་ཐག་གཅོད་བྱེད་དགོས། དེ་ལྟར་བྱས་ན་གཞི་ནས་ལས་བྱེད་ལས་བཟོར་དྲོ་སྐྱིད་སྦྱིན་ཐུབ་ཅེས་གསུངས། ཉི་མ་བཀྲ་ཤིས་ཀྱིས་རིམས་ནད་གནས་ཚུལ་གྱིས་ང་ཚོར་གནོད་འཚེ་བཟོས་མོད། འོན་ཀྱང་རྒྱབ་ཕྱོགས་མཁོ་སྒྲུབ་ཀྱིས་ངེས་པར་དུ་དེ་མཚུངས་ཀྱི་སྟོང་ཆ་བསབས་ནས་ལས་བྱེད་ལས་བཟོའི་ཁྱིམ་སྡོད་ལོགས་དབྱེའི་སེམས་ཁྲལ་མེད་པར་བཟོ་དགོས་ཞེས་གསུངས་པ་རེད།


      དེ་རིང་གི་དུག་སེལ་བྱེད་འགོ་ཚུགས་ཞེས་པ་འདི་ནི་མི་དམངས་དངུལ་ཁང་མངའ་རིས་ལྟེ་བའི་ཡན་ལག་དངུལ་ཁང་གི་སྐད་འཕྲིན་ཚོགས་པའི་ནང་ཉིན་ལྟར་ཐོས་རྒྱུ་ཡོད་པའི་སྐད་ཆ་ཞིག་རེད། རིམས་ནད་སྔོན་འགོག་ཚོད་འཛིན་བྱས་པ་ནས་བཟུང་། རྣམ་རྒྱལ་དང་། ཀརྨ་བསོད་ནམས། སྤེན་པ་བཅས་ཀྱིས་འགོག་སྲུང་གྱོན་ཆས་གྱོན་པ་དང་སྒལ་པར་ལྗིག་ཏིག་ཏིག་གི་དུག་སེལ་ཟོམ་ཁུར་ཏེ་ཁོ་ར་ཁོར་ཡུག་ཀུན་དུ་དུག་སེལ་བཤེར་ཆུ་གཏོར་ཏེ་ལས་བྱེད་ལས་བཟོའི་བདེ་འཇགས་ལ་འགན་སྲུང་ཡག་པོ་བྱས་ཡོད།

 


      དོན་དངོས་ཐོག་བྱ་བ་དེ་ནི་ཁོང་ཚོའི་ལས་དོན་གྱི་ཆ་ཤས་ཤིག་ལས་མིན་ཏེ། ཁོང་ཚོས་ད་དུང་དུད་ཚང་རེ་རེའི་སྒོ་རྩར་བསྐྱོད་ནས་དངོས་ཟོག་སྐྱེལ་བ་དང་ལས་བཟོར་དངོས་ཟོག་བརྒྱུད་སྤྲོད་བྱེད་པ་སོགས་ལས་ཀ་ཙག་ཙིག་ཚང་མ་སྒྲུབ་ཀྱིན་ཡོད།


 

      རྣམ་རྒྱལ་རྡོ་རྗེས་རྒྱབ་ཕྱོགས་མཁོ་སྒྲུབ་ཀྱི་ཞབས་ཞུ་བ་ཞིག་ཡིན་པའི་ཆ་ནས་དེ་ནི་ངས་ནུས་ཤུགས་ཡོད་རྒུས་བསྒྲུབ་འོས་པའི་བྱ་བ་ཞིག་རེད་ཅེས་གསུངས།  ཀརྨ་བསོད་ནམས་ཀྱིས་དམག་ཞབས་ཐིམས་པའི་དམག་མི་ཞིག་གི་ངོས་ནས་བརྗོད་ན། དཀའ་སྡུག་ལ་བཟོད་བསྲན་དང་ཉེན་ཁ་འཕྲད་པའི་དུས་སུ་འགན་འཁྲིའི་བསམ་པ་འཁུར་ནུས་པ་བཅས་ནི་དམག་དཔུང་གིས་ང་ལ་གནང་བའི་བསླབ་བྱ་ཞིག་རེད་ཅེས་གསུངས།


      མི་གཅིག་ལ་བཙོག་པ་ཤོར་ན་ཡང་། ཁྱིམ་ཚང་ཁྲི་སྟོང་མང་པོར་ཁོར་ཡུག་གཙང་མ་ཞིག་བསྐྲུན་དགོས་ཞེས་པའི་སྐད་ཆ་འདི་ནི་རྒྱབ་ཕྱོགས་མཁོ་སྒྲུབ་ཀྱི་གཙང་སྦྲ་བྱེད་མཁན་ཚོའི་དད་སེམས་དང་སྙིང་སྟོབས་རེད། འཚོ་བའི་ཁུལ་གྱི་བྱུར་བུར་བླུགས་པའི་གད་སྙིགས་སྒམ་རྣམས་ཐག་གཅོད་བྱེད་མཁན་དགོས་ལ་ལྷག་པར་དུ་རིམས་ནད་ཐོན་པའི་རིང་། གད་སྙིགས་ནང་ནས་ནད་དུག་འགོ་ཉེན་ཆེན་པོ་ཡོད། འོན་ཀྱང་མི་དམངས་དངུལ་ཁང་མངའ་རིས་ལྟེ་བའི་ཡན་ལག་དངུལ་ཁང་གི་རྒྱབ་ཕྱོགས་མཁོ་སྒྲུབ་ལས་དོན་མི་སྣ་དཔའ་སྒྲོན་དང་བསྟན་འཛིན་དབང་མོ་གཉིས་ཀྱིས་ཉེན་ཁ་དེ་དག་ལ་འཇིགས་སྣང་གཏན་ནས་སྐྱེས་མྱོང་མེད། གད་སྙིགས་གཙང་སེལ་བྱ་རྒྱུ་དེ་རྒྱུན་གཏན་གྱི་ལས་འགན་ཞིག་ཏུ་བརྩིས་ནས་སྔར་རྒྱུན་བཞིན་ལས་བཟོའི་འཚོ་བའི་ཁུལ་དུ་བསྐྱོད་དེ་ལག་ཏུ་ཕྱགས་མ་འཁྱེར་ནས་གཙང་སྦྲ་བྱེད་པ་དང་། གད་སྙིགས་གཙང་སེལ་བྱེད་པ། སྒྲིག་བཀོད་དང་སྒྲིག་ཆས་ལ་དུག་སེལ་བྱེད་པ་བཅས་བྱས་ཏེ་མངའ་རིས་ཀྱི་ལས་བྱེད་ལས་བཟོ་ཚོར་ནད་འགོག་གི་སྲུང་ཡོལ་ཞིག་བསྐྲུན་ཡོད། 

 

      ཁོང་ཚོ་ནི་མི་དམངས་དངུལ་ཁང་མངའ་རིས་ལྟེ་བའི་ཡན་ལག་དངུལ་ཁང་གི་རྒྱབ་ཕྱོགས་མཁོ་སྒྲུབ་ལས་དོན་པའི་དཔེ་མཚོན་ཞིག་ཡིན་ལ། མངའ་རིས་ལ་ད་དུང་ཁོང་ཚོ་དང་འདྲ་བའི་ཁུ་སེམ་ངང་ལེགས་སྐྱེས་འབུལ་མཁན་གྱི་དཔའ་བོ་མང་པོ་ཞིག་ཡོད། ཁོང་ཚོས་བྱ་སྤྱོད་དངོས་ཀྱི་ཐོག་ནས་འཐབ་ཕྱོགས་དང་པོར་འབད་འཐབ་བྱེད་ཀྱིན་ཡོད་ལ། ཁོང་ཚོ་ནི་བབ་ཆགས་ལ་བློ་སེམས་དཀར་བ་དང་། དཔའ་ངར་ཆེ་ལ་བློ་རྩ་བརྟན་པའི་ཆེས་གཅེས་སུ་འོས་པའི་མི་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1