མཛེས་སྡུག་ལྡན་པའི་ཡར་ཀླུང་གི་རྣམ་པ་རིམ་བཞིན་མངོན་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་ཉིན་རེའི་ཚགས་པར། སྤེལ་དུས། 09-17



——ལྷོ་ཁ་གྲོང་ཁྱེར་གྱིས་གོ་རིམ་ལྡན་པའི་ངང་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སླར་གསོ་བྱས་པའི་སྐོར་གྱི་མཐོང་ཐོས། 



 


        སྣེ་གདོང་ཆུས་གམ་པ་ཁུལ་ཆུང་དུ་སྡོད་མཁན་ཟླ་བ་སྒྲོལ་མས་ཟླ་9ཚེས་14ཉིན་གྱི་ཉིན་དགུང་ཆུ་ཚོད་12དང་སྐར་མ་07ལ་འགྲོ་འོང་གཱ་འཁྱེར་ནས་ཁུལ་ཆུང་གི་སྒོ་འགྲམ་དུ་ཡོང་ཞིང་། ཁོང་གིས་ཨང་རྟགས་བཤེར་བ་དང་། ཚ་བ་བལྟ་བ། ཐོ་འགོད་པ། ཉིང་སྐྱུར་བརྟག་དཔྱད་འབྲས་བུ་སྲིབས་གཤིས་ཀྱི་སྙན་ཞུར་ཞིབ་བཤེར་བྱེད་པ་སོགས་དང་ལེན་བྱས་པ་བརྒྱུད་ཁུལ་ཆུང་ཉེ་འགྲམ་གྱི་ཧའེ་ལི་ཅི་ཧྲང་སྒོ་རྩིས་ཚོང་ཁང་དུ་བསྐྱོད། དེ་རིང་ཁོང་གིས་ཤ་དང་། སྔོ་ཚལ། སྨན་སྣ་འགའ་ཉོས་ཏེ་རང་ཉིད་ཀྱི་འཚོ་བའི་སྤུས་ཚད་ལེགས་སུ་གཏོང་རྩིས་ཡོད་པ་རེད།


        ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཀྱི་ནུབ་ཁུལ་ཚལ་ཁྲོམ་ཉེ་འགྲམ་གྱི་ཤིང་འབྲས་ཚོང་མཁན་ཅ་ཝུའེ་ཡིས་ཚེས་14ཉིན་གྱི་སྔ་དྲོའི་ཆུ་ཚོད་11པར། ཁོང་དང་བཟའ་ཟླས་བྲེལ་བ་ཆེན་པོས་ཚོང་ཁང་ནང་བསྐྱོད་དེ་ཤིང་ཏོག་ངང་ལག་དང་། ཚ་ལུ་མ། ཤིང་འབྲས་ཧོ་ལུང་སོགས་ཤིང་འབྲས་སྣ་ཁ་30ལྷག་ཙམ་གློག་སྒུལ་འཁོར་གསུམ་སྦག་སྦག་ནང་བླུགས། ཁོང་གིས་ཤིང་འབྲས་དེ་དག་ལྷོ་ཁ་གྲོང་ཁུལ་གྱི་ས་ཚིགས་སུ་དབོར་རྗེས་ལམ་ཡིག་ཡོད་པའི་སྐྱེལ་འདྲེན་རླངས་འཁོར་བརྒྱུད་ཚང་མ་སྣེ་གདོང་ཆུས་ཡར་སྟོད་ཤང་དུ་གཏོང་རྒྱུ་རེད་ཅེས་བཤད་པ་རེད།


        ལྷོ་ཁ་གྲོང་ཁྱེར་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གིས་སྤྱི་བསྒྲགས་སྤེལ་ནས། ཟླ་8ཚེས་23ཉིན་ནས་བཟུང་སྤྱི་ཚོགས་ཐོག་གཙང་བཟོ་མངོན་འགྱུར་བྱུང་བ་དང་ཟླ་9ཚེས་3ཉིན་རྫོང་ཁག་གཅིག་ལ་ཕྱི་ནས་འགོས་པའི་ནད་དཔེ་རེ་གཉིས་ཕུད། ལྷོ་ཁ་གྲོང་ཁྱེར་དུ་ཉིན་20ཡན་བསྟུད་མར་གྲོང་ཁོངས་ནང་ཡུལ་དེ་རང་གི་གཏན་འཁེལ་ནད་དཔེ་ཐོན་མེད་པ་དང་། ཉེ་དུས་ལོགས་བཀར་ས་ཚིགས་ནང་ཕྱི་ནས་འགོས་པའི་ནད་དཔེ་ཉུང་དུ་ཕྱིན་ནས་རེ་གཉིས་ལས་མེད་པ་དང་གཏན་འཁེལ་ནད་དཔེ་ཚང་མ་དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་དོན་རྗེས་གྲོང་ཁྱེར་དེ་ཡོངས་སུ་སྐབས་བསྟུན་གཙང་བཟོའི་དམིགས་ཚད་མངོན་འགྱུར་བྱུང་ཡོད། ཟླ་9ཚེས་13ཉིན་གྱི་ཆུ་ཚོད་12པ་ནས་བཟུང་ལྷོ་ཁ་གྲོང་ཁྱེར་གྱིས་གོ་རིམ་ལྡན་པའི་ངང་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་རིམ་གྱིས་སླར་གསོ་བྱུང་ཡོད་པ་རེད།


        འདི་ནི་གྲོང་ཁྱེར་དེ་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཁྲི་30ལྷག་ཙམ་གྱིས་སེམས་ནུས་གཅིག་སྒྲིལ་དང་བློ་སེམས་གཅིག་མཐུན་བྱས་པའི་རིམས་འགོག་གི་གྲུབ་འབྲས་ཤིག་ཡིན། རྒྱུས་མངའ་ཡོད་པ་དང་གསོན་ཤུགས་ཀྱིས་ཁེངས་པའི་ལྷོ་ཁ་སླར་ཡང་མི་རྣམས་ཀྱི་མིག་མདུན་དུ་མངོན་ཡོད་པ་རེད།


        ཟླ་9ཚེས་14ཉིན་གསར་འགོད་པས་ཁྲོམ་གཞུང་དུ་སྐྱོད་སྐབས་སྒོ་རྩིས་ཚོང་ཁང་དང་། སྨན་ཚོང་ཁང་། ཤིང་འབྲས་ཚོང་ཁང་སོགས་མང་ཚོགས་ཀྱི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་ཚོང་ཁང་ཁག་གཅིག་འགྲོ་འོང་གཱ་ཡོད་པའི་མང་ཚོགས་ཚོར་སྒོ་ཕྱེ་ཡོད་པ་མཐོང་།


        ནུབ་ཁུལ་གྱི་ཚལ་ཁྲོམ་ཉེ་འཁོར་གྱི་ཤིང་འབྲས་བྲིན་ཚོང་ཁུལ་དུ་ཚོང་པ་མང་ཆེ་བས་ཚོང་བརྒྱབ་ཅིང་། ཤིང་འབྲས་དང་། སྔོ་ཚལ། ཤ་དང་སྒོ་ང་། འོ་མ། སྨན་སྣ་སོགས་ཀྱི་སྣ་ཁ་ཕུན་སུམ་ཚོགས་ལ་གང་དགོས་ཆ་ཚང་ཡང་ཡོད། མང་ཚོགས་ཁག་གཅིག་གིས་གོ་རིམ་ལྡན་པའི་ངང་བྲིན་ཚོང་ས་ཁོངས་སུ་སྐྱོད་བཞིན་ཡོད་པ་རེད།


        ཚལ་ཁྲོམ་གྱི་བྱང་སྒོའི་ས་ཚིགས་ཀྱི་ལས་སྒྲུབ་རིམས་འགོག་མི་སྣ་དང་སྣེ་གདོང་ཆུས་རིག་གནས་ཅུས་ཀྱི་ལས་བྱེད་པ་ཝང་རུང་གིས“ད་ཆ་གྲོང་མིར‘གྲོང་མིའི་འཚོ་བའི་ཅ་དངོས་ཉོ་སྒྲུབ་གཱ’ཡོད་ཚེ། ཨང་རྟགས་བཤེར་བ་དང་། ཚ་བ་བལྟ་བ། དུག་སེལ་བྱེད་པ། བདེ་ཐང་བཤེར་རྟགས་ལྟ་བ། འགྲོ་སྐྱོད་བཤེར་རྟགས་ལྟ་བ། ཉིང་སྐྱུར་བརྟག་དཔྱད་ཀྱི་འབྲས་བུ་སྲིབས་གཤིས་སྙན་ཞུར་ལྟ་བ་བཅས་བྱས་པ་བརྒྱུད། ཁོང་ཚོས་ཚལ་ཁྲོམ་ཁུལ་ཁོངས་སུ་ཚལ་ཉོ་ཆོག་གི་ཡོད”ཅེས་བཤད་པ་རེད།


        རྩེད་ཐང་གི་གྲོང་ཁུལ་གཙོ་བོའི་རྒྱུན་ལྡན་གྱི་ཐོན་སྐྱེད་སྒྲིག་ལམ་སླར་གསོ་བྱུང་བའི་ཁག་དང་པོའི་གྲོང་མིའི་ཁུལ་ཆུང་29ཡི་གྲས་ཤིག་ཡིན་པའི་ཀརྨ་ཆེན་སྡེ་ཁུལ་གྱི་འགྲིམ་འགྲུལ་ཁ་ཐོར་དུད་ཚང་ཁུལ་དུ་སྡོད་མཁན་ཡེ་ཤེས་ཨོ་རྒྱན་གྱིས་ཉིན་མོ་དེ་སླེབས་རྒྱུའི་རེ་སྒུག་བྱས་ནས་ཡུན་རིང་བསྡད་པ་རེད།


        ཁོང་གིས་འགྲོ་འོང་གཱ་འཁྱེར་ནས་གསར་འགོད་པར“ང་ཚོའི་འགྲོ་འོང་གཱ་དེ་སྔོན་པོ་དང་སེར་པོ་ཁག་གཉིས་ཡོད། སྔོན་པོ་དེ་ཡ་ཚེས་ཉིན་ཕྱིར་སྐྱོད་པ་དང་སེར་པོ་དེ་ཆ་ཚེས་ཉིན་ཕྱིར་སྐྱོད་ཀྱི་ཡོད། ཉིན་ལྟར་གཱ་དེ་འཁྱེར་ནས་ཆུ་ཚོད་2རིང་དངོས་ཟོག་ཉོ་སྒྲུབ་བྱེད་པ་དང་གཱ་དེ་སྤྱོད་རིམ་བཞིན་སྡེ་ཁུལ་གྱི་རིམས་འགོག་ལས་དོན་པས་གཱ་དེའི་ཐོག་འགྲིག་རྟགས་རེ་བརྒྱབ་ཀྱི་ཡོད། ཁྱིམ་དུ་ཟླ་བ་གཅིག་ལྷག་བསྡད་རྗེས་དེ་ནི་ང་རང་ཕྱིར་ཅ་ལག་ཉོ་བར་སྐྱོད་ཐེངས་དང་པོ་དེ་ཡིན། ཕྱིར་མཁའ་རླུང་ཡག་པོ་འདུག་ལ་སེམས་ཀྱང་གུ་ཡངས་སུ་ཕྱིན་སོང”ཞེས་བཤད་པ་རེད།


        ཡེ་ཤེས་ཨོ་རྒྱན་གྱིས་ཁ་རས་བརྒྱབ་རུང་། གསར་འགོད་པས་ཁོང་གི་མིག་ཟུང་ནས་དགའ་ཚོར་དང་སེམས་འགུལ་ཆེན་པོ་ཐེབས་པ་མཐོང་།


        རྩེད་ཐང་གྲོང་རྡལ་དཔལ་རི་ཁྲོམ་གཞུང་དུ་གསར་འགོད་པར། ཧའེ་ལི་ཅི་ཧྲང་སྒོ་རྩིས་ཚོང་ཁང་གི་མདུན་དུ་མི་རྣམས་ཀྱིས་བང་སྒྲིག་པ་དང་ལས་དོན་མི་སྣས་ཅ་དངོས་ཉོ་མཁན་ལ་སྣེ་ལེན་ཞུ་བཞིན་ཡོད་པ་མཐོང་།


        མིག་སྔའི་རིམས་འགོག་སྲིད་ཇུས་ཀྱི་བླང་བྱ་གཞིར་བཟུང་། གྲོང་མི་མང་ཚོགས་ཚོས་རང་དགར་སྒོ་རྩིས་ཚོང་ཁང་དུ་ཅ་དངོས་ཉོ་བར་སྐྱོད་ཆོག་གི་མེད་པར། སྒོ་རྩིས་ཚོང་ཁང་གི་སྒོ་རྩ་ནས་ཉོ་སྒྲུབ་གསལ་ཐོ་ལས་དོན་མི་སྣར་སྤྲད་པ་དང་། ཁོང་ཚོས་གསལ་ཐོ་གཞིར་བཟུང་མཁོ་བའི་ཅ་དངོས་རྣམས་འགྱིག་ཤོག་ནང་བླུགས་ཏེ་སྒོ་རྩར་བཞག་གི་ཡོད། དེ་ལྟར་ཡིན་རུང་ཕྱིར་དོན་རྒྱུ་བྱུང་བའི་གམ་པོ་ཁུལ་ཆུང་དུ་སྡོད་མཁན་རིག་འཛིན་མཚོ་མོའི་ངོས་ནས་བརྗོད་ན་སེམས་སྐྱིད་པོ་ཡོད་པ་རེད།


        སྣེ་གདོང་ཆུས་ཙམ་མ་ཟད། ད་དུང་ལྷོ་ཁའི་རྫོང་དང་ཤང་མང་པོ་ཞིག་གི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་གོ་རིམ་ལྡན་པའི་ངང་སླར་གསོ་བྱུང་བཞིན་ཡོད་པ་རེད།


        མཚོ་སྣ་རྫོང་མཚོ་སྣ་གྲོང་རྡལ་གྱི་སྐྲ་བཞར་ཁང་ཞིག་སྒོ་ཕྱེ་ནས་སྐུ་མགྲོན་ཚོས་སྐྲ་བཞར་བར་བསྐྱོད་པ་དང་། རྫོང་དེ་ཡོངས་ཀྱི་དམངས་འཚོའི་འགན་སྲུང་ཚོང་ཁང་55རིམ་གྱིས་ཚོང་རྒྱག་འགོ་ཚུགས་ཡོད། ལྷུན་རྩེ་རྫོང་མདོ་ཡུལ་པ་མི་རིགས་ཤང་དང་རབ་རང་གནས་སྤོ་བཀོད་སྒྲིག་བྱ་ཡུལ་གྱི་ཨར་སྐྲུན་ལས་གྲྭར་འཕྲུལ་འཁོར་གྱི་སྒྲ་ལྡིར་ལྡིར་དུ་གྲགས་པ་དང་རླངས་འཁོར་ཕར་འགྲོ་ཚུར་འོང་བྱས་ནས་བྲེལ་འཚུབ་ཀྱི་རྣམ་པས་ཁེངས། སྣ་དཀར་རྩེ་རྫོང་སྣ་དཀར་རྩེ་གྲོང་རྡལ་གྱི་ཞིང་ནང་དུ་སེར་གྱིས་བརྒྱན་པ་ལྟར་སྣང་བ་དང་འོང་མགོ་གྲོང་ཚོའི་སྟོན་བསྡུའི་འཕྲལ་རྒོལ་རུ་ཁག་གི་རུ་མི་ཡོངས་ཀྱིས་བྲེལ་འཚུབ་ཆེན་པོས་ལོ་ཏོག་བརྔ་བསྡུ་བྱས་ཏེ་ནས་འབྲུ་རྡོག་གཅིག་ཀྱང་མ་ལུས་པ་འབྲུ་མཛོད་ནང་བླུགས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1