༄༅།།དགེ་རྒན་ཞིག་གི་སྙིང་གཏམ་ཡ་མ་ཟུང་།

ཚེ་རིང་སྟོབས་རྒྱལ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 09-17



— བརྡ་རྟགས་འཚོལ་བཞིན་པའི་སློབ་བུ་རྣམས་ལ་སྤྲིངས་པའི་འཕྲིན། 

ཚེ་རིང་སྟོབས་རྒྱལ། ཡུལ་ཤུལ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པ། 


    སྙིང་ཉེ་བའི་སློབ་བུ་ལགས། དེ་རིང་ནི་སློབ་འགོ་བཙུགས་ནས་ཉིན་བརྒྱད་པ་རེད། ཁྱོད་རང་སྔར་བཞིན་རི་མགོ་མཐོན་པོ་ཞིག་གི་རྩེ་རུ་འཛེགས་ཏེ་བརྡ་རྟགས་འཚོལ་བཞིན་ཡོད་དམ། རི་མགོ་མཐོན་པོ་རུ་དགུན་ཁ་སླེབས་ནས་གཟུགས་མེད་ཀྱི་གྲང་ངར་ཞིག་གིས་ཁྱོད་ཀྱི་ཡན་ལག་དང་ཉིང་ལག་ཀུན་ལ་འཁྱུད་ནས་བཟོད་ཐབས་བྲལ་བའི་རུས་གཟེར་ཞིག་བསླངས་བྱུང་ངམ། ཡང་སྐབས་རེར་རྣོ་དབལ་གྱི་ཉི་འོད་ཀྱིས་ཀྱང་རྐང་བཙུགས་ནས་ཁྱོད་ཀྱི་ནེམ་ཤ་ལྡན་པའི་གདོང་བར་ཁབ་གཙག་བྱེད་པ་བཞིན་ཚ་གཟེར་ཞིག་སློང་གིན་ཡོད་དམ། ཁྱོད་ཀྱིས་ཚ་གྲང་ངེས་མེད་དུ་བསྒྱུར་བའི་རི་སྒང་དེ་ནས་མཐའ་མེད་པའི་ནམ་མཁའ་ལ་མགོ་བོ་གཏད་དེ་རང་གི་རྨི་ལམ་ཞིག་འཚོལ་གྱིན་ཡོད་དམ།

    སྙིང་ཉེ་བའི་སློབ་བུ་ལགས། ཁ་བ་ནི་མཐོ་ས་མཐོ་ས་ཞིག་ནས་དམའ་ས་དམའ་ས་ཞིག་ཏུ་བབས་ཏེ། ཁ་དོག་ཅིག་འཚོལ་བཞིན་པ་དེ་ནི་ཁ་བའི་རྨི་ལམ་རེད། ཁྱོད་ཅག་ནི་དམའ་ས་དམའ་ས་ཞིག་ནས་མཐོ་ས་མཐོ་ས་ཞིག་ཏུ་འཛེགས་ཏེ། བརྡ་རྟགས་ཤིག་འཚོལ་བཞིན་པ་དེ་ནི་སློབ་བུ་ཁྱོད་ཅག་གི་རྨི་ལམ་རེད། དེ་རིང་། སྟོན་རླུང་ཤུར་ཤུར་གྱི་སྒྲ་དབྱངས་ཁྲོད་ནས་རྨི་ལམ་དང་རྨི་ལམ་དལ་གྱིས་འཕྲད་བཞིན་པ་འདི་ནི། ཁ་བས་ཁྱོད་ཀྱི་སྙིང་སྟོབས་དང་སྤོབས་པ་ལ་ཡིད་དབང་འཕྲོག་ནས། ཆེད་དུ་ཁྱོད་ཀྱི་ཕྱོགས་སུ་རབ་དཀར་གྱི་གཤོག་པ་བརྐྱངས་འོངས་པ་ཡིན་ནམ། ཡང་ན་ཁྱོད་ཀྱིས་ཁ་བའི་དྭངས་གཙང་གི་རྨི་ལམ་ལ་བསུ་བ་བྱས་པ་ཡིན། གང་ལྟར། ཁ་བའི་འདབ་མ་རེ་རེའི་གཤོག་རླབས་ཁྲོད་ནས་ཁྱོད་ཀྱིས་ནན་ནན་ཏན་ཏན་གྱིས་ཁ་པར་གྱི་འཆར་ངོས་སུ་བལྟས་ཏེ་དགེ་རྒན་གྱི་སློབ་ཁྲིད་ལ་བློ་རྩེ་སྒྲིམ་བཞིན་པའི་སྣང་བརྙན་འདི་ནི། ད་ལོའི་སྟོན་དུས་ཀྱི་ཆེས་ཡིད་དུ་འོང་བའི་མཛེས་རིས་དེ་ཡིན་འདུག

    སྙིང་ཉེ་བའི་སློབ་བུ་ལགས། ཁྱོད་རང་རི་མགོ་མཐོན་པོ་ཞིག་གི་རྩེ་རུ་འགྲེངས་ཏེ་བརྡ་རྟགས་འཚོལ་བཞིན་པ་འདི་ནི། དོན་ངོ་མས་བཤད་ན། ཁྱོད་རང་ཕལ་བའི་ཁྱིམ་ཚང་ཞིག་གི་བུ་རྒྱུད་ཡིན་པའི་བརྡ་རྟགས་ཤིག་ཀྱང་ཡིན། དེ་རིང་དགེ་རྒན་ང་ཡང་གློག་ཀླད་ཀྱི་ཁ་གཏད་དུ་ཙོག་སྟེ་ཆེས་ཡིད་དུ་འོང་བའི་བརྡ་རྟགས་གང་ལ་སེམས་པ་ཤོར་ཞོར་དུ། 《ལང་ཚོ་རྦབ་ཆུ》ཞེས་པའི་སློབ་ཚན་དེ་ཁྲིད་ཁུལ་བྱེད་ཀྱིན་ཡོད་པ་ཁྱོད་ཀྱིས་མཐོང་བྱུང་ངམ། ད་དུང་། 《ལང་ཚོའི་རྦབ་ཆུའི》ཟིལ་ཤུགས་དང་དཔའ་གདེང་དེ་དག་སློབ་བུ་ཁྱོད་ཅག་གི་སྡུག་རུས་ལ་དཔེ་འཇོག་བྱས་ནས་ཁྲིད་ཀྱིན་ཡོད་པ་དེའང་ཁྱོད་ཀྱིས་ཐོས་ཨེ་བྱུང་།

    ངའི་སྙིང་ཉེ་བའི་སློབ་བུ་ལགས། ཚ་ཚ་འུར་འུར་གྱི་དུས་རབས་ཀྱི་ཁུགས་སོ་འདི་ནས། ཕལ་བའི་ཁྱིམ་ཚང་དང་ཕལ་བའི་མི་ཡི་སྐྱིད་སྡུག་གི་འཚོ་བ་དེ་རེ་ཞིག་དཀའ་སྡུག་དང་ཁེར་རྐྱང་གི་གནས་སུ་ལྷུང་སྲིད་ཀྱང་། དེ་ནི་དངོས་ཡོད་འཚོ་བ་ཡིས་ང་ཚོ་ཕལ་བའི་མི་ཡོད་རྒུ་ལ་བསྩལ་བའི་བློ་སྦྱོང་ཞིག་ཡིན་པས། ཕལ་བའི་ཁྱིམ་ཚང་ཞིག་གི་བུ་རྒྱུད་དུ་སྐྱེས་པ་ནས་བཟུང་། འཚོ་བ་དང་ཕུགས་བསམ་གྱི་བར་ལ་ཧེ་བག་ཡོད་ལ། ལམ་བུ་དང་རྐང་བ་ཡི་བར་ལ་རྔུལ་ཆུ་ཡོད་ཅིང་། རེ་བ་དང་མངོན་སུམ་གྱི་བར་ལ་བསླུ་བྲིད་ཡོད་པར་མ་ཟད། མ་འོངས་དང་དེ་རིང་གི་བར་ལའང་འགལ་འདུ་ཡིས་ཁེངས་ནས་ཡོད་པས། སྐབས་རེར། ང་ཚོ་ཕལ་བའི་ཁྱིམ་ཚང་གི་བུ་རྒྱུད་དག་གཙང་པོ་ཡི་འགྲམ་དུ་ལངས་ནས། རང་ཉིད་ཀྱི་ལས་དབང་ལ་འཁང་ར་བྱེད་དགོས་པའི་གནས་ཚུལ་འབྱུང་སྲིད་ལ། ལན་རེར། མུན་ནག་གི་ཁ་གཏད་དུ་ལངས་ནས་རང་ཉིད་ཀྱིས་རང་ཉིད་ལ་ཡིད་ཆེས་བོར་བའི་མིག་ཆུའང་གཏོང་སྲིད་མོད། དེ་ནི་དུས་ཚོད་ཅེས་པ་དེས་ང་ཚོ་ཕལ་བའི་མི་དག་ལ་གནང་བའི་གུ་ཡངས་ཀྱི་སྐར་ཆ་ཁ་ཤས་ཤིག་ཡིན་པ་ལས། ང་ཚོ་ཕལ་བའི་མི་དག་གི་མཐར་ཐུག་གི་བསམ་སྦྱོར་མིན་ལ། བདེན་གྲུབ་གི་རང་གཤིས་ཀྱང་ག་ལ་ཡིན། རྒྱུ་མཚན་ནི། ང་ཚོ་ཕལ་བའི་ཁྱིམ་ཚང་གི་བུ་རྒྱུད་དག་ལ་མཚོན་ན། དཀའ་སྡུག་གི་འཚོ་བའི་ཁྲོད་དུ་སྐྱེས་ཤིང་། དཀའ་སྡུག་གི་འཚོ་བའི་ཁྲོད་ནས་ནར་སོན་པ་ཡིན། དཀའ་སྡུག་དང་གྲང་ངར་གྱིས་ཕལ་བའི་མི་དག་གི་ཕྱི་གཟུགས་ངར་ལྕགས་བཞིན་བཙོ་སྦྱང་བྱས་ཟིན་ལ། ནང་སེམས་ནམ་མཁའ་བཞིན་ཡངས་དགོས་པའི་བདེན་ཁའང་སྤྲད་ཟིན། མཚམས་རེར། བསམ་བློ་ཞིབ་ཏུ་བཏང་རྗེས། ང་ཚོས་ང་ཚོ་ཕལ་བའི་ཁྱིམ་ཚང་ཞིག་ཏུ་སྐྱེས་པའི་ལས་དབང་ལ་བཀའ་དྲིན་ཞུ་དགོས། དཀའ་སྡུག་ཕྲན་བུ་ཙམ་ལ་འུ་ཐག་ཐང་ཆད་ཀྱི་རྣམ་འགྱུར་མངོན་ཞིང་མདུན་བསྐྱོད་ཀྱི་བག་ཞུམ་པའི་གཅེས་ཕྲུག་དེ་དག་མཐོང་ཡོང་དུས། ང་ཚོས་ཅིས་ཀྱང་དཀའ་སྡུག་དང་གྲང་ངར་གྱིས་གནང་ཡོང་བའི་བཟོད་བསྲན་དང་སྲ་མཁྲེགས་ཀྱི་རང་གཤིས་དེ་ལ་བཀའ་དྲིན་ཞུ་དགོས་ཤིང་། རྐྱེན་ངན་ཆུང་ངུ་ཙམ་ལའང་ཆོ་ངེ་བཏོན་ཅིང་རང་སྲོག་གཅོད་བཞིན་པའི་བུ་གཅེས་རེ་འགའ་ཡི་ཡིད་སྐྱོ་བའི་གནས་ཚུལ་དེ་དག་མཐོང་ཚེ། ང་ཚོས་ཅིས་ཀྱང་ཕལ་བའི་ཁྱིམ་ཚང་ཞིག་གིས་གནང་ཡོང་བའི་གུ་ཡངས་དང་དཀྱེལ་ཡངས་ཀྱི་བསམ་བློ་དེར་བཀའ་དྲིན་ཞུ་འོས། གང་ལྟར། ངའི་སྙིང་ཉེ་བའི་སློབ་བུ་ལགས། དཀའ་སྡུག་དང་གྲང་ངར་གྱིས་ང་ཚོ་ཕལ་བའི་མི་དག་གི་ཚེ་སྲོག་དང་ཐོབ་ཐང་གི་ཁེ་དབང་འཕྲོག་མི་སྲིད་ཅིང་། སྙིང་སྟོབས་དང་རྨི་ལམ་ཡང་འཕྲོག་མི་སྲིད་ལ། ལ་རྒྱ་དང་བརྩོན་སེམས་འཕྲོག་མི་སྲིད་པར་མ་ཟད། འཛུམ་མདངས་དང་རེ་སྙེག་སོགས་ནི་དེ་བས་ཀྱང་འཕྲོག་མི་སྲིད་པས། ང་ཚོས་ཅིས་ཀྱང་རང་གིས་རང་ལ་ཡིད་ཆེས་བྱེད་དགོས།

    ངའི་སྙིང་ཉེ་བའི་སློབ་བུ་ལགས། དྲང་མོ་བཤད་ན། ཁྱོད་ཀྱིས་ད་ལྟ་རི་མགོ་མཐོན་པོ་ཞིག་ནས་འཚོལ་བཞིན་དེ་ནི་བརྡ་རྟགས་ཙམ་མ་ཡིན་ཏེ། དེ་ནི་ཕལ་བའི་མི་ཞིག་གིས་འཚོལ་བཞིན་པའི་འོད་སྣང་དང་བདེ་སྐྱིད། འབྱུང་འགྱུར་དང་རྨི་ལམ་ཡིན་པས། གལ་ཏེ། རི་མགོ་མཐོན་པོ་དེ་ནས་ཁྱོད་ཀྱི་ད་ལྟའི་རྨི་ལམ་གྱི་ཆུ་རྒྱུན་དེད་དེ་བསམ་བློ་བཏང་བ་ཡིན་ན། ཁྱོད་ཀྱི་མེ་ཏོག་ལྟ་བུའི་རྨི་ལམ་དེས་ཀྱང་རྒྱང་ཐག་མི་རིང་བ་ཞིག་ནས་ཁྱོད་ལ་རེ་སྒུག་གི་གཞས་དབྱངས་སྙན་མོ་ཞིག་གཏོངབཞིན་ངེས་པས། ཁྱོད་རང་ཅིས་ཀྱང་སྔར་བཞིན་དུ་ཁ་ཆར་དང་བུ་ཡུག་གི་གྱོན་པ་བཀླུབས་ཏེ། ཀྱག་ཀྱོག་དང་རྔུལ་ཆུ་ཡིས་གྲུབ་པའི་ལམ་བུ་དེར་དལ་གྱིས་བསྐྱོད་རོགས་ཞུ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1