ལྷ་སའི་འགོ་ཁྲིད་ཀྱིས་སྙིང་ཐག་པ་ནས་དགོངས་དག་ཞུས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 09-18


        ལྷ་ས་གྲོང་ཨུའི་རྒྱུན་ཨུ་དང་རྒྱུན་ལས་གྲོང་ཁྱེར་འགོ་གཙོ་གཞོན་པ་དགྲ་འདུལ་གྱིས། མིག་སྔར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགག་རྩའི་དུས་སྐབས་སུ། ང་ཚོའི་ལས་དོན་ཁྲོད་གྲ་སྒྲིག་གིས་མི་འདང་བ་དང་། ནུས་པས་མི་འདང་བ། ཁ་གཏད་གཅོག་ནུས་ཀྱིས་མི་འདང་བ། ལག་བསྟར་ཡག་པོ་མ་བྱུང་བ་བཅས་ཀྱི་མི་འདང་ས་དང་ཞན་ཆ་མངོན་པ་རེད། དཔེར་ན། དང་ཐོག་ཉིང་སྐྱུར་བརྟག་དཔྱད་ཀྱི་ནུས་པས་མ་འདང་བར། ས་ཁོངས་ལ་ལའི་ཉིང་སྐྱུར་བརྟག་བཤེར་གནད་ལ་མ་འཁེལ་བ་དང་། བརྟག་དཔྱད་ཚད་ལེན་གྱི་དཔྱད་འབྲས་འགའ་ཞིག་དུས་ཐོག་ཏུ་བཏོན་མ་ཐུབ་པ། བརྟག་དཔྱད་ཚད་ལེན་གྱི་དཔྱད་འབྲས་རེ་གཉིས་གནད་ལ་མ་འཁེལ་བ་བཅས་ཀྱི་གནས་ཚུལ་ཐོན། སྐྱེལ་འདྲེན་རྩ་འཛུགས་ཀྱི་ལས་ཆོད་ཆེན་པོ་མེད་པ་དང་ཨང་རྟགས་དུས་ཐོག་ཏུ་བཏོན་མ་ཐུབ་པའི་དབང་གིས། མང་ཚོགས་ཁག་གཅིག་བརྒྱུད་འདྲེན་བྱེད་པའི་དུས་ཚོད་རིང་དྲགས་པ་དང་། བརྒྱུད་འདྲེན་བྱ་དགོས་པའི་ཐོག་མའི་གདམ་གསེས་ཁྲོད་གདགས་གཤིས་མི་སྣས་བརྒྱུད་འདྲེན་བྱ་རྒྱུར་དོགས་འདྲི་བྱས་པ། གྲོང་ཁུལ་རྙིང་པའི་བར་སྐོར་དང་། སྐྱིད་རས། རྗེ་འབུམ་སྒང་། ཀརྨ་དགོན་གསར། རྔ་ཆེན། ཉང་བྲན། ཀུན་བདེ་གླིང་ཁྲོམ་ལམ་བཅས་སུ་གསང་སྤྱོད་ཁང་དང་ཆུ་ལེན་ས་མཉམ་དུ་སྤྱོད་པའི་སྒོ་ར་ཆེན་པོ། བོགས་གཏོང་ཁང་པ་མང་པོ་ཡོད། ཕན་ཚུན་སྣོལ་བ་དང་རིམས་ནད་མཆེད་པར་སྔོན་འགོག་བྱ་ཆེད། ང་ཚོས་སྒོ་ར་ཆེན་པོ་ཁག་དང་། བོགས་གཏོང་ཁང་པའི་ནང་གི་མང་ཚོགས་ཡོངས་རྫོགས་རིམས་ནད་སྔོན་འགོག་ཚོད་འཛིན་ལ་ཕན་པའི་གནས་སུ་བརྒྱུད་འདྲེན་བྱ་རྒྱུ་ཡིན་ཡང་། དུས་ཚོད་བྲེལ་འཚུབ་ཀྱི་དབང་གིས་འགྲེལ་བཤད་གནད་ལ་འཁེལ་བ་བྱུང་མེད་རྐྱེན། མང་ཚོགས་ཁག་ཅིག་ལ་གོ་ལོག་ཐེབས་ཡོད་པ་རེད་ཅེས་བཏོན། ནད་པར་དུས་ཐོག་དུ་སྨན་བཅོས་བྱ་ཆེད། སྒྲོམ་ཚང་རེ་འགས་སྒོ་ཕྱེ་བའི་ཐད་གྲ་སྒྲིག་ལེགས་པོ་བྱས་མེད་པ་དང་། དངོས་ཡོད་ཀྱི་ཚོད་འཛིན་གྱི་དབང་གིས་ཐོག་མའི་དོ་དམ་ལའང་གནད་དོན་ངེས་ཅན་བྱུང་བ། རྒྱབ་ཕྱོགས་ཀྱི་མཁོ་སྒྲུབ་ལས་དོན་འགན་ལེན་ལེགས་པོ་བྱེད་མ་ཐུབ་པ། འཕྲོད་བསྟེན་གཙང་སྦྲ་དང་གད་སྙིགས་གཙང་སེལ་དུས་ཐོག་ཏུ་མ་བྱས་པའི་གནད་དོན་ལྷག་ཡོད། ཉེན་ཁ་ཆེ་འབྲིང་ཁུལ་གྱི་ཞབས་ཞུའི་འགན་ལེན་ལེགས་པོར་མ་འཁྱོམས་པ་དང་དངོས་ཟོག་དུས་ཐོག་ཏུ་མཁོ་སྤྲོད་འགན་ལེན་མ་ཐུབ་པ། ལས་སྒྲུབ་མི་སྣ་ལ་ལའི་ལས་ཀའི་རྣམ་འགྱུར་ནན་ཏན་མིན་པ་དང་། དུས་ཐོག་ཏུ་མང་ཚོགས་ཀྱི་དཀའ་ངལ་དང་རེ་འདུན་སོགས་ཐག་གཅོད་བྱེད་མ་ཐུབ་པ།གནད་དོན་དེ་དག་གིས་མང་ཚོགས་ཁག་ཅིག་གི་ཐོན་སྐྱེད་འཚོ་བར་ཤུགས་རྐྱེན་ཅུང་ཆེན་པོ་ཐེབས་པས། ང་ཚོས་ལྷག་བསམ་ཟོལ་མེད་ཀྱིས་སྐྱོན་བརྗོད་དང་ལེན་བྱས་པ་ཡིན།  འདིར་ངས་གྲོང་ཁྱེར་སྲིད་གཞུང་གི་ཚབ་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་དང་རིམས་ནད་ཀྱིས་རྐྱེན་གྱིས་ལྷ་སར་ལུས་པའི་མི་སྣར་དགོངས་དག་ཞུས་པ་ཡིན། 

        དགྲ་འདུལ་གྱིས་བཤར་རྒྱུར། རིམས་ནད་འགོག་ཟོན་དམག་འཐབ་འདི་ལས་སྔ་ཙམ་རྣམ་པར་རྒྱལ་བར་བྱས་ཏེ། རྒྱུན་གཏན་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སླར་གསོ་ཐུབ་པར་བྱ་རྒྱུ་ནི། གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མའི་ཐུན་མོང་གི་དམིགས་ཚད་ཡིན། དཀའ་ངལ་ཇི་འདྲའི་ཆེ་ན་གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཚང་མས་དེ་ལྟར་བསམ་ཤེས་དང་། རྒྱབ་སྐྱོར། གཞོགས་འདེགས་བཅས་བྱ་དགོས། ང་ཚོའི་ལས་དོན་དེ་མང་ཚོགས་ཀྱི་རེ་བ་དང་བླང་བྱ་དང་བསྡུར་ན་ད་དུང་ཧེ་བག་མི་ཉུང་བ་ཞིག་ཡོད་པ་ང་ཚོས་གསལ་པོར་ཤེས་ཡོད། ང་ཚོས་ཀྱང་དུས་རྒྱུན་ལས་ཀའི་ཁྲོད་ཀྱི་མི་འདང་བའི་ཆ་ཇེ་ལེགས་སུ་བཏང་སྟེ། རིམས་འགོག་བྱ་ཐབས་སྔར་བས་འཐུས་ཚང་དང་དམངས་འདོད་ཞུ་བའི་ཐབས་ལམ་ཤར་བགྲོད་ཐུབ་པར་བྱས་ནས། གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་དང་མཉམ་དུ་དཀའ་ངལ་ཁྱད་བསད་ཀྱིས་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་གང་མགྱོགས་སླར་གསོ་ཐུབ་པར་བརྩོན་ལེན་བྱ་རྒྱུ་ཡིན། དེ་ཡང་གཅིག་ནི། གྲུབ་འབྲས་སྲ་བརྟན་དུ་གཏོང་ཞོར་དུ་གཅིག་བསྡུས་ཐོག་འགག་སྒྲོལ་ཐུབ་པར་རྒྱུན་འཁྱོངས་བྱས་ནས། རིགས་དང་རིམ་པ་དབྱེ་ཏེ། གཅིག་བསྡུས་ཐོག་ཉེན་ཁ་ཆེ་ཁུལ་གཙང་བཟོ་ཐུབ་པར་བྱ་རྒྱུ་དང་། གཉིས་ནི་འགོག་ཟོན་བྱ་ཐབས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས། ཉིང་སྐྱུར་བརྟག་བཤེར་དང་། བརྒྱུད་འདྲེན་ལས་དོན་ཚད་དང་མཐུན་པར་བྱས་ཐོག ནད་པར་སྨན་བཅོས་ཡག་པོ་བྱས་ཏེ་རིམས་ནད་སྡེ་ཁུལ་དུ་མི་མཆེད་པར་བྱ་རྒྱུ། གསུམ་ནི་འགན་འཁྲི་ལས་བགོས་ཁ་གསལ་བཟོས་ཏེ། ལས་དོན་མི་སྣ་བཀོད་སྒྲིག་ལུགས་མཐུན་བྱས་ནས། སྒྲོམ་ཚང་དང་ལོགས་བཀར་ས་ཚིགས་སོགས་ཀྱི་ཞབས་ཞུའི་ཆུ་ཚད་འགན་ལེན་བྱ་རྒྱུ། བཞི་ནི་མཇུག་མཐའི་སྡེབ་སྐྱེལ་མ་ལག་ཇེ་ལེགས་སུ་བཏང་ནས། མཐའ་མའི་སྨི་བརྒྱའི་གནད་དོན་ཐག་གཅོད་ཏན་ཏིག་བྱ་རྒྱུ་ཡིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1