༄༅།། རྡོ་ཡི་རྒྱལ་པོ་གཡུ་ཡི་ངོ་སྤྲོད་མདོར་བསྡུས།

དབྱངས་ཅན་རྡོ་རྗེ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 09-19


        གནའ་བོའི་མི་རིགས་ཤིག་ཡིན་ཚེ། གཡུ་ཡི་རྒྱན་ཆ་འདོགས་པའི་ལོ་རྒྱུས་ཤིན་ཏུ་རིང་པོ་ཞིག་ཡོད་ངེས། འབྲེལ་ཡོད་ཡིག་ཚང་ལས་མངོན་པ་ལྟར་ན། སྤྱི་ལོ་སྔོན་གྱི་ལོ་ངོ་ཉིས་སྟོང་ལྔ་བརྒྱའི་ཡར་སྔོན་དུ། གནའ་བོའི་ཨེ་ཅིབ་པའི་རྟོག་ཞིབ་རུ་ཁག་ཅིག་ཆེད་མངགས་ཀྱིས་སེ་ནེ་ཕྱེད་གླིང་ལ་གཡུ་འཚོལ་དུ་སོང་མྱོང་ལ། རང་རྒྱལ་ལ་མཚོན་ན། གཡུ་སྤྱད་པའི་ལོ་རྒྱུས་ནི་རྡོ་ཆས་གསར་མའི་དུས་སྐབས་སུ་ཁུངས་དེད་ཆོག་སྟེ། དེ་དུས་བུད་མེད་རྣམས་ཀྱི་འདོགས་ཆས་ཁྲོད་གཡུ་བྱུང་ཡོད་པ་རེད། གཤམ་ནས་ང་ཚོས་གཡུ་རྡོའི་གསང་བ་འབྱེད་པར་བྱ།


 མ་གཞི“ཐུར་ཁེའི་རྡོ”ནི་ཐུར་ཁེ་ནས་བྱུང་བ་མ་རེད།

        གཡུ་རྡོ་ནི་ཟླུམ་རིལ་ལྗང་མདོག་ཅན་དུ་མངོན་ཞིང་། དབྱིན་ཡིག་ལསTurquoiseརུ་འབོད་ཅིང་དོན་ནི་ཐུར་ཁེའི་རྡོ་ཟེར་བ་དེ་རེད། དེ་ནི་གནའ་བོའི་ཏ་ཟིག་གི་གཡུ་ཐུར་ཁེ་བརྒྱུད་ནས་ཡོ་རོབ་ལ་འདྲེན་དགོས་པས། མི་རྣམས་ཀྱིས་ཀྱང་དེ་ལྟར་གཡུ་ལ“ཐུར་ཁེའི་རྡོ”ཞེས་འབོད་སྲོལ་བྱུང་། དོན་གྱིས་ཐུར་ཁེ་ནས་གཡུ་ཐོན་སྐྱེད་བྱེད་ཀྱིན་མེད། གཡུ་ནི་ཆུ་དང་ཟངས་དང་ཧ་ཡང་བཅས་འདུས་པའི་ལིན་སྐྱུར་ཚྭའི་གཏེར་རྫས་སྣ་འདུས་ཤིག་ཡིན་པས། གཡུ་གྲུབ་པ་ལ་ངེས་པར་དུ་ཆུ་དང་ཟངས་དང་ཧ་ཡང་བཅས་ཚང་དགོས། འོན་ཀྱང་། གཡུ་མི་འདྲ་བའི་དབང་གིས་གྲུབ་རྫས་ཀྱང་མི་འདྲ་སྟེ། ལྕགས་རྡོ་དང་ཁའོ་ལིན་རྡོ་དཀར། སྤྲི་དཀར་རྡོ། གཡུ་རྡོ་སོགས་མཉམ་འདུས་ཀྱིས་གྲུབ་པའི་གཡུ་ཡང་ཡོད།


 གཡུ་ཡིན་པ་ཐམས་ཅད་ལྗང་མདོག་ཡིན་ནམ།

        གཡུ་ཞེ་ན་ལྗང་མདོག་གི་མཚོན་བྱེད་ལྟ་བུར་གྱུར་ཡོད་ཀྱང་། དེ་ནི་ལྗང་མདོག་གི་རྡོ་ཞིག་ཡིན་པར་འདོད་མི་རུང་། དེར་རིགས་མང་ཞིང་ཁ་དོག་ཀྱང་སྣ་མང་དུ་མངོན་ལ། དེ་ནི་རང་བྱུང་ཁམས་ཆེན་མོས་མིའི་རིགས་ལ་གནང་བའི་རིན་པོ་ཆེ་རྩ་ཆེན་ཞིག་ཡིན།


 གཡུ་རྡོ“སྔོན་པོ།”

        གཡུ་རྡོའི་གཏེར་ཁ་གྲུབ་པའི་གོ་རིམ་ཁྲོད། ཟངས་ཀྱིས་ཁ་དོག་སྔོན་པོ་བསྐྱེད། གཡུ་རྡོའི་ནང་གི་ཟངས་ཀྱི་གྲུབ་ཆ་མི་འདྲ་བར་བསྟུན་ནས། ཁ་དོག་སྔོན་པོ་དང་སྔོ་སྐྱ་སོགས་སུ་འགྱུར་བ་ཡིན། གཡུ་དེ་རིགས་ནི་སྤྱིར་བཏང་ཧྥེ་གླིང་དང་ཡ་གླིང་གི་འབྲེལ་མཚམས་ཀྱི་སེ་ནེ་ཕྱེད་གླིང་དང་དབྱི་རན་སོགས་ནས་ཐོན་ལ། དེ་ལས་སེ་ནེ་ཕྱེད་གླིང་གི་གཡུ་ཡི་ཐོན་ཁུངས་ནི་འཛམ་གླིང་སྟེང་གི་གསར་རྙེད་བྱུང་བ་ཆེས་སྔ་བའི་གཡུ་རྡོའི་གཏེར་ཁ་ཡིན། ཨ་རིའི་ནུབ་ལྷོ་ས་ཆའི་ཁི་ལའོ་རཱ་ཏུ་མངའ་སྡེ་དང་ནེ་ཝེ་ཏཱ་མངའ་སྡེ། ཨ་རེ་ཟོ་ནི་མངའ་སྡེ། ཁཱ་ལའེ་ཧྥོ་ནེ་ཡ་མངའ་སྡེ། མའེ་ཁི་སེ་ཁོ་གསར་མ་མངའ་སྡེ་བཅས་སུའང་གཡུ་ཡི་གཏེར་ཁུངས་ཡོད། དེ་ལས་ཨ་རེ་ཟོ་ནི་མངའ་སྡེའི་གཏེར་ཁུངས་ནི་ཆེས་ཕུན་སུམ་ཚོགས་པ་དེ་ཡིན། རང་རྒྱལ་གྱི་ཧུའུ་པེ་ཞིང་ཆེན་དུ་ཡང་དེ་འདྲའི་གཡུ་རྡོ་གསར་རྙེད་བྱུང་མྱོང་ཡང་ཤིན་ཏུ་ཉུང་། གཡུ་རྡོ“སྔོན་པོ”ནི་གཡུ་ཡི་རྒྱལ་བོ་ལྟ་བུ་ཡིན།


 གཡུ་རྡོ“ལྗང་ཁུ།”

        གཡུ་རྡོ་ཁ་ཤས་ཀྱི་ནང་དུ་ཟངས་ཀྱི་གྲུབ་ཆ་འདུས་པར་མ་ཟད། ལྕགས་དང་ཏི་ཚའི་གྲུབ་ཆའང་འདུ། དེ་ཡང་ཟངས་ཀྱི་གྲུབ་ཆ་ཉུང་བ་དང་ལྕགས་ཀྱི་གྲུབ་ཆ་མང་བའི་ཚེ་ན་ཁ་དོག་སྔོ་ལྗང་དང་ལྗང་ཁུ། ལྗང་སེར། ལྗང་སྐྱ་སོགས་སུ་མངོན་ལ། གཡུ་ཡི་ནང་གི་རིགས་ཆེས་མང་བའང་འདི་ཡིན། དེ་ནི་གཙོ་བོ་དབྱི་རན་གྱི་ཤར་བྱང་མཚམས་ཀྱི་མཱ་ཞི་ཧཱ་ཏི་གྲོང་རྡལ་དང་། རང་རྒྱལ་གྱི་ཧུའུ་པེ་དང་ཧྲན་ཞི། ཧི་ནན། ཞིན་ཅང་སོགས་སུ་འབོར་ཆེན་ཐོན་བཞིན་ཡོད། དེ་ལས་ཧུའུ་པེ་ཡི་གཡུ་རྡོའི་ཐོན་འབོར་ཆེས་མང་ལ་རྒྱུ་སྤུས་ཀྱང་ཆེས་བཟང་བ་ཡིན་པས་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་གྲགས་ཆེ།


 རིགས་ཞིབ་ཏུ་འབྱེད་ཐབས།

        གཡུའི་གྲུབ་ཚུལ་དང་སྲ་ཚད། རྒྱུ་སྤུས་སོགས་ལ་གཞིགས་ནས་དབྱེ་ན། གཤམ་གྱི་རིགས་བཞི་རུ་དབྱེ་ཆོག


 གཡུ་སྔོན།

        གཡུ་སྔོན་གྱི་ཁ་དོག་ནི་མཐོན་མཐིང་དུ་མངོན་ལ། ཚགས་ཞིབ་ལ་རང་བཞིན་སྲ། བཅད་མཚམས་ཉ་ལྕིབས་ཀྱི་ཕྱི་སྐོགས་དང་འདྲ། འོད་དང་འཕྲད་ན་དཀར་ཆས་ལྟར་དུ་སྣང་། དེ་ནི་རང་བཞིན་ཆེས་སྲ་བའི་གཡུ་ཡིན་ལ། གཙོ་བོ་རྒྱན་ཆ་དང་ལྷ་སྐུའི་ཕྲ་རུ་བྱེད། སྤྱིར་བཏང་ལྷད་མ་འདྲེས་པའི་མཐོན་མཐིང་གི་མདོག་ཏུ་མངོན་པས། གཡུ་ཡི་ཁྲོད་ཕུལ་དུ་བྱུང་བ་ཞིག་ཏུ་བརྩི།


 གཡུ་ལྗང་།

        གཡུ་ལྗང་ནི་རྒྱུན་མཐོང་གི་གཡུ་ཞིག་ཡིན། དེའི་ཁ་དོག་ནི་སྔོ་ལྗང་དང་གསར་ཐོགས་སྲན་མའི་ཁ་དོག་གང་རུང་དུ་མངོན་ཞིང་མདོག་སྣ་མང་། དེ་ནི་ད་ལྟའི་ཚོང་རའི་ནང་ཆེས་རྒྱུན་མཐོང་གི་གཡུ་རུ་ཆགས་ཡོད།


 གཡུ་ཁྲ།

        གཡུ་རྡོ་ཁ་ཤས་ཀྱི་སྟེང་དུ་ལྕགས་མདོག་གི་རྩ་རིས་ཡོད་པས། ཕྱི་ངོས་ནི་དྲ་མིག་ལྟར་དུ་མངོན་ལ། ལྕགས་སྐུད་ཀྱིས་ཕྲ་རིས་མང་པོ་ཞིག་བཏོད་པ་དང་འདྲ། ལྕགས་མདོག་གི་རྩ་རིས་དེ་ནི་ལྕགས་ནག་གི་སྐུད་པ་དང་གཡུ་གཅིག་ཏུ་འདྲེས་ནས་གྲུབ་པ་ཡིན་ལ། གཡུ་ལ་རང་བྱུང་གི་ཕྲ་རིས་བབས་ཏེ་ཐུན་མོང་མ་ཡིན་པ་ཞིག་ཏུ་མངོན། གཡུ་དེ་རིགས་ལ་བོད་དང་སོག་པོ། ཧོར་རིགས་སོགས་ཤིན་ཏུ་དགའ་བ་ཡིན།


 གཡུ་སོབ།

        གཡུ་སོབ་ཀྱི་རང་བཞིན་སྙི་ཞིང་སོབ་ལ། གཡུ་ཆེན་པོ་ཞིག་ཡིན་ན་ད་གཟོད་བེད་སྤྱོད་ཀྱི་རིན་ཐང་དང་ལྡན་པ་ལས། དོན་གྱིས་དེ་ནི་རྒྱུ་སྤུས་ཆེས་ཞན་པའི་གཡུ་ཞིག་ཡིན། ཁ་དོག་ནི་དཀར་པོ་དང་ཡང་ན་སྔོ་སྐྱ་དང་ལྗང་སྐྱ་རུ་མངོན། གཡུ་སོབ་དེ་རིགས་ནི་སྤྱིར་བཏང་རིན་ཆེན་རྒྱན་ཆའི་རྒྱུར་མི་འགྲོ་སྟེ། དེའི་རྒྱུ་མཚན་ནི་རང་བཞིན་སྙི་བས་རྐོ་བརྡར་སོགས་བྱས་ན་ཆག་སླ། ཡིན་ན་ཡང་། གཡུ་ཡི་རྒྱུ་ཆ་དཀོན་པོར་གྱུར་བའི་ད་ཆར་མི་རྣམས་ཀྱིས་འགྱིག་བླུག་དང་ཞག་བླུག ཚོས་བསྒྱུར་སོགས་ཀྱི་བྱེད་ཐབས་བརྒྱུད་ནས། གཡུ་སོབ་ཀྱི་རྒྱུ་སྤུས་དང་རྣམ་པར་ལེགས་བཅོས་བྱས་ནས་ཚོང་རར་བཀྲམ་བཞིན་ཡོད།


 གཡུ་ལ་གཅེས་སྤྲས་བྱེད་དགོས།

        ཚ་དྲོད་དང་འཕྲད་ན་གཡུ་ཡི་མདོག་ཡལ་འགྲོ་ལ། དྲོད་ཆེ་ན་སྣུམ་ཤ་ཤོར་ནས་གས་པ་དང་ཁམ་མདོག་ཏུ་འགྱུར། ཚྭ་སྐྱུར་གྱི་ནང་ནས་ཡུན་རིང་འགོར་ན་ཞུ་འགྲོ། གཞན་ཡང་གཡུ་ཇི་ལྟར་སྙི་ན་སྟེང་དུ་ཁུང་བུ་དེ་ལྟར་མང་ལ་ཆུ་འདྲེན་གྱི་ནུས་པའང་དེ་ལྟར་ཆེ། གས་ཆག་ཏུ་འགྲོ་སླ། སྣུམ་དང་སྐགས་རྫས། ཇ་སོགས་ཁུང་བུར་སིམ་ཚེ་མདོག་འགྱུར་བ་ཡང་འབྱུང་སྲིད། དེའི་ཕྱིར་གཡུ་ལ་དོ་དམ་བྱེད་དུས་གནས་གཙང་དག་བྱེད་པ་དང་ཚ་དྲོད་དང་བརྡབས་གསིག་གིས་མི་གནོད་པར་བྱེད་དགོས།


  མིག་ལ་མཛེས་ཤིང་སྨན་དུ་ཡང་སྤྱད་ཆོག

        གཡུ་ནི་རིན་པོ་ཆེ་དཀོན་པོ་ཞིག་ཡིན་པར་མ་ཟད། སྨན་རྫས་དཀོན་པོ་ཞིག་ཀྱང་ཡིན། བོད་དང་སོག་པོའི་གསོ་རིག་གི་ལག་ལེན་ཁྲོད་སྨན་དུ་སྤྱོད་པ་ཡིན། དཔེར་ན་བོད་སྨན་གཡུ་རྙིང་ཉེར་ལྔ་ནི་གཡུ་དང་མུ་ཏིག་དང་བྱུ་རུ་སོགས་སྨན་སྣ་ཉེར་ལྔ་བསྡེབས་ནས་གྲུབ་པ་ཡིན་ལ། གཙོ་བོ་མཆིན་ནད་དང་མཁྲིས་ཚད། མཆིན་པ་ཚིལ་འགྱུར་སོགས་ཀྱི་ནད་ལ་ཕན། སྨན་དེ་འདྲ་མི་རིགས་གཞན་གྱི་སྨན་གཞུང་དུ་ཡང་མང་། དེ་ལས་གཞན་གཡུ་ནི་མིའི་འདོད་པ་སྐོང་བྱེད་ཀྱི་རྒྱན་ཆ་ཞིག་ཀྱང་ཡིན་ལ། མིའི་ལུས་ཕུང་བདེ་ཐང་སྲུང་བྱེད་ཀྱི་སྨན་མཆོག་ཅིག་ཀྱང་ཡིན།


 གཡུ་ཡི་དངོས་རྫུན་བརྟག་ཐབས།

        གཡུ་རྫུན་མ་ཤིན་ཏུ་མང་ལ། རྒྱུན་པར་མཐོང་ཐུབ་པ་ལ་གཤམ་གྱི་རིགས་འགའ་ཡོད་དེ།


 སྐྱེ་ལྡན་རྫས་ཀྱིས་བཟོས་པའི་གཡུ།

        ཚོང་པ་ལ་ལས་གཡུ་རྡོ་དང་འདྲ་བའི་རང་བྱུང་སྐྱེ་ལྡན་རྫས་ལ་ལས་སྣོན་བྱས་རྗེས། གཡུ་ལ་རྫུས་ནས་འཚོང་གིན་ཡོད། དེ་ལས་རྡོ་རྒྱ་བྱ་ནི་ཆེས་རྒྱུན་མཐོང་དུ་གྱུར་པ་ཞིག་ཡིན། རྡོ་རྒྱ་བྱ་ནི་ཆུ་འདྲེས་ཟངས་སེལ་སྐྱུར་ཚྭ་ཡི་གཏེར་རྫས་ཤིག་ཡིན་ཞིང་། དེའི་ཚགས་དམ་ཚད་གཡུ་ལས་དམའ་བས་ཅུང་ཡང་ལ། ཕྱི་ཡི་འོད་མདངས་ནི་ཤེལ་གྱི་མདངས་དང་འདྲ་བས་འོད་མདངས་གཡུ་ལས་ཆེ། གཡུ་དང་ཤིན་ཏུ་འདྲ་བས་ཉམས་མྱོང་མེད་པའི་མིས་དངོས་རྫུས་འབྱེད་པ་དཀའ། 


  

 ཚོས་བསྒྱུར་རྫས་ཀྱིས་བཟོས་པ།

        གཡུ་རྫུན་མ་དེ་རིགས་ནི་རྡོ་ཚ་ལ་ཀལ་སྙི་མོ་དང་དཀར་གོང་སོགས་སྐྱེ་ལྡན་རྫས་མཐོན་མཐིང་དང་ལྗང་མདོག་ཏུ་བསྒྱུར་ནས་གཡུ་ལ་རྫུས་པ་ཡིན། དེ་ལས་རྡོ་ཚ་ལ་ཀལ་སྙི་མོའི་སྟེང་གི་རྩ་རིས་ནི་གཡུ་དང་ཤིན་ཏུ་འདྲ་ཞིང་། རིན་གོང་ཡང་དམའ་བས་གཡུ་རྫུན་མ་བཟོ་བྱེད་ཀྱི་རྒྱུ་ཆ་གཙོ་བོ་ཞིག་ཏུ་གྱུར་ཡོད།


 མིས་བཟོས་རྒྱུ་ཆ།

        ཤེལ་དང་འགྱིག་གིས་ཀྱང་གཡུ་རྫུན་མ་བཟོ་ཆོག དེ་རིགས་ལ་སྤྱིར་བཏང་ཆུ་འཁོར་ཀྱི་རིས་དང་ཆུ་བུར་ལྟ་བུའི་ལྒང་འབུར་བབས་ཡོད་ལ། བླུག་སྣོད་ཀྱི་རྗེས་ཤུལ་ཡང་ཡོད། ཕྲེང་རྡོག་རེ་རེ་དང་རྒྱན་ཆ་རེ་རེའི་སྟེང་གི་རྩ་རིས་འདྲ་མཚུངས་ཡིན། རྟགས་གཙོ་བོ་ཞིག་ཡོད་པ་ནི་བཅད་ངོས་ནས་ཤེལ་གྱི་འོད་མདངས་འཕྲོ་བ་ཡིན། ཚགས་དམ་པའི་གཡུ་རྡོའི་བཅད་ངོས་ནི་སྣུམ་འཁྱུག་གེར་ཡོད་པས་ཁྱད་པར་འབྱེད་སླ། གཡུ་རྫུན་མའི་ནང་དུ་ད་དུང་གཡུ་ངོ་མའི་ནང་གི་ལྕགས་སྐུད་རྫུན་མ་ལས་པའང་ཡོད། འོན་ཀྱང་དེ་ནི་བཀྲུས་ན་དག་འགྲོ་བ་ཞིག་ཡིན། གཡུའི་ནང་གི་ལྕགས་སྐུད་ནི་ཕྱིར་འབུར་བའམ་ནང་དུ་ལྷུང་ཡོད་པས་བཀྲུས་ན་དག་སླ་བ་ཞིག་མིན།


 མཇུག་གི་གཏམ།

        མི་རྣམས་གཡུ་ཡི་དཔལ་འབྱོར་རིན་ཐང་ལ་ཚོད་མེད་དུ་རྔམ་པས། འཛམ་གླིང་གི་ཡུལ་གྲུ་སོ་སོའི་གཡུ་རྡོའི་གཏེར་ཁ་ཆེས་ཆེར་སྔོག་འདོན་བྱས་པ་དང་། དུས་མཚུངས་སུ་གཡུ་རྫུན་མའང་ཆེས་ཆེར་དར་བ་རེད། མ་ཡུམ་ལྟ་བུའི་རང་བྱུང་ཁམས་ཆེན་མོས་ང་ཚོར་སྦྱིན་པ་ཤིན་ཏུ་མང་བས། ང་ཚོས་ཚིམས་པ་མེད་པའི་འདོད་ཧམ་གྱི་ལག་པ་མོ་ལ་ཚོད་མེད་དུ་བསྲིངས་ན་ག་ལ་འགྲིག གལ་ཏེ་ཁྱེད་ལ་གཡུ་ཡོད་ན་གཅེས་སྤྲས་བྱེད་རོགས་གནོང་། གལ་ཏེ་མེད་ན་ཡང་། ཁྱེད་ཀྱིས་རང་བྱུང་ཁམས་ཆེན་མོའི་ལེགས་སྐྱེས་རྩ་ཆེན་དེ་སྨྱོ་ཧམ་གྱིས་མི་འཕྲོག་པར་ཞུ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1