མཛེས་པའི་སྐྱེ་ཁམས་ཕྱུག་གི་རུ་མ་ཡིན།

ཏིང་འཛིན་མཚོ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་སྒྲ། སྤེལ་དུས། 09-20



——ཝུན་ཁྲོན་རྫོང་ཝོ་ལུང་གྲོང་རྡལ་གྱི་སྐྱེ་ཁམས་ལྗོངས་སྐོར་འཕེལ་རྒྱས་ཀྱི་མཐོང་ཐོས། 


 

       ད་ལོར་ཡུལ་ལུང་མང་བོར་ཚ་བ་ཆེ་བའི་རྐྱེན་གྱིས་ཕྱི་ཡུལ་གྱི་ལྗོངས་རྒྱུ་བ་མང་བོ་ཝུན་ཁྲོན་རྫོང་དུ་ཚ་གཡོལ་ལ་ཐོན་འདུག རྒྱལ་ལམ་350ལམ་ཐིག་བརྒྱུད་ནས་འོང་ཚེ། ཀུན་དར་གྲོང་རྡལ་དང་ཝོ་ལུང་གྲོང་རྡལ་དུ་ཁུལ་ཕྱིའི་འཁོར་རྟགས་ཅན་གྱི་རླངས་འཁོར་མང་བོ་མཐོང་རྒྱུ་འདུག་ལ། ལྗོངས་རྒྱུ་བ་ལ་ལ་སར་བབས་ཏེ་པར་ལེན་ཞོར་དུ་ས་གནས་ཀྱི་ཐུན་མིན་གྱི་རང་བྱུང་གི་སྐྱེ་ཁམས་ཁོར་ཡུག་ལ་མྱོང་རོལ་བྱེད་ཀྱིན་འདུག ལྗོངས་རྒྱུ་བ་མང་བོ་སླེབས་པ་དང་མཉམ་དུ་གྲོང་རྡལ་དུ་མི་ཚོགས་མང་བོ་འདུས་ཏེ་ཚ་ཚ་འུར་འུར་གྱི་རྣམ་པ་ཞིག་ཡོངས་སུ་མངོན་འདུག


       ཁྲེང་ཏུའུ་ནས་ཐོན་པའི་ལྗོངས་རྒྱུ་བ་ཀོ་ཅི་ཞིན་གྱིས། ང་ཚོ་ཁྲེང་ཏུའུ་ནས་ཆེད་དུ་གནས་འདིར་ཚ་གཡོལ་དུ་ཐོན་པ་ཡིན་ལ། ཡུལ་འདིས་ང་ཚོར་བག་ཕེབས་པའི་སྣང་བ་སྟེར་ཐུབ་པ་མ་ཟད། ཆ་རྐྱེན་འཐུས་ཚང་བ་ཡིན་པས། དབྱར་གནང་གི་སྐབས་སུ་ཝོ་ལུང་དུ་ཚ་གཡོལ་ལ་ཐོན་པ་དང་། ཐེངས་དང་པོར་ཡུལ་འདིར་ཉིན་10ལྷག་ལ་བསྡད་ཅིང་། ཡུལ་འདིའི་དྲོད་གྲང་འོས་འཚམ་གྱི་གནམ་གཤིས་དང་ངོ་མཚར་བའི་རང་བྱུང་གི་བཀོད་པས་ང་ཚོའི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་སོང་ཞེས་བཤད།


       ཝོ་ལུང་གྲོང་རྡལ་ལུང་ཀོན་སྡེ་བ་རུ། གྲོང་མི་ཕུའུ་ཅོན་གྱིས་གཉེན་ཉེ་གྲོགས་པོ་འགའ་དང་མཉམ་དུ་སྒོར་ཁྲི་2000ལྷག་བཏང་ནས་སྤུས་ལེགས་དམངས་སྲོལ་མགྲོན་ཁང་ཞིག་གཉེར་ཡོད་ལ། ལྷུང་ལྷུང་དུ་འབབ་པའི་ཆུ་ཕྲན་གྱིས་བསྐོར་བའི་དམངས་སྲོལ་མགྲོན་ཁང་འདིར་སླེབས་ཚེ་མི་ཡུལ་གྱི་དག་ཞིང་དུ་སླེབས་པའི་སྣང་བ་ངང་གིས་སྟེར་ཐུབ། ལི་ཞ་སྤུས་ལེགས་དམངས་སྲོལ་མགྲོན་ཁང་གི་སྤྱི་གཉེར་བ་ཕུའུ་ཅོན་གྱིས་བཤད་རྒྱུར། ང་ཚོས་ཕུན་སུམ་ཚོགས་པའི་རང་བྱུང་གི་ཐོན་ཁུངས་ལ་བརྟེན་ནས། མགྲོན་པོ་ཀུན་ལ་བག་ཕེབས་སོས་དལ་གྱི་སྣང་བ་སྟེར་བར་འབད་པ་ལྷོད་མེད་བྱེད་ཀྱི་ཡོད་ལ། ལྟ་ན་སྡུག་པའི་ཁོར་ཡུག་དང་ཤ་ཚ་བའི་ཞབས་ཞུ་ལས་ལི་ཞ་སྤུས་ལེགས་དམངས་སྲོལ་མགྲོན་ཁང་དུ་ཕེབས་པའི་ལྗོངས་རྒྱུ་བ་ཀུན་ལ་ས་གནས་འདིའི་འཚོ་བ་དང་། ས་གནས་ཀྱི་དམངས་སྲོལ་རིག་གནས་ཉམས་སུ་ལེན་དུ་འཇུག་པ་དང་། ས་གནས་ཀྱི་བརྩེ་བ་མྱོང་དུ་འཇུག་བཞིན་ཡོད། ང་ཚོས་འབད་བརྩོན་འདིས་ཝོ་ལུང་གི་དམངས་སྲོལ་མགྲོན་ཁང་གི་འཕེལ་རྒྱས་ལ་སྣེ་ཁྲིད་ཡག་པོ་ཞིག་ཐུབ་པའི་རེ་བ་ཆེ།

 


       ལི་ཞ་སྤུས་ལེགས་དམངས་སྲོལ་མགྲོན་ཁང་གིས་རང་བྱུང་དང་། གྲལ་དག་གི་འཆར་འགོད་འདུ་ཤེས་གཞིར་བཟུང་སྟེ། ས་གནས་ཀྱི་རི་ཆུ་ནགས་གསུམ་གྱི་རང་བྱུང་ཁོར་ཡུག་ལ་བརྟེན་ནས། དམངས་སྲོལ་མགྲོན་ཁང་དེ་རང་བྱུང་ཁམས་ཆེན་མོར་ཐིམས་པར་བྱས་ཡོད། དེ་ལས་གཞན་དུ་དམངས་སྲོལ་མགྲོན་ཁང་འདིར་ཚོགས་འདུ་ཁང་དང་། རྩལ་སྦྱོང་ཁང་། ལྒང་རྩེད་ཐང་། བྱིས་པའི་རྩེད་ར། ཁྱད་ལྡན་ཟ་ཁང་། ཕྱི་རོལ་དུ་ཉལ་བ། སྲེག་ཟས། སིལ་ཏོག་འཐུ་བ། ཞིང་འདེབས་མྱོང་རོལ་སོགས་ཀྱི་རི་མགོའི་རྩེད་མོ་སྣ་ཚོགས་ཡོད་ལ། དཔྱིད་ཀར་ས་ཞིང་རྨོ་བ་དང་། དབྱར་ཁར་ཚ་བར་གཡོལ་བ། སྟོན་ཁར་སིལ་ཏོག་འཐུ་བ། དགུན་ཁར་གངས་འཁྱགས་ལ་རོལ་བ་བཅས་བྱས་ཆོག ཐུན་མིན་གྱི་རང་བྱུང་གི་ཁོར་ཡུག་ལས་དམངས་སྲོལ་མགྲོན་ཁང་འདི་ན་ནིང་གི་ཟླ་4བར་དངོས་སུ་གཉེར་མགོ་བརྩམས་ཤིང་ཕྱོགས་བཞིའི་ལྗོངས་རྒྱུ་བ་ཀུན་གྱིས་དགའ་བསུ་བླ་མེད་ཐོབ་ཀྱི་ཡོད།


       ཕུའུ་ཅོན་གྱིས་བཤད་རྒྱུར། ང་ཚོའི་མགྲོན་ཁང་འདིར་མགྲོན་ཤག་32ཡོད་ལ། ཉིན་འདི་དག་གི་རིང་ལ་མགྲོན་ཤག་ཚང་མ་མགྲོན་པོས་གང་འདུག འདིར་ཕེབས་པའི་ལྗོངས་རྒྱུ་བ་ཚོས་དུས་སྔོན་ནས་མངགས་ཉོ་བྱ་དགོས། དབྱར་གནང་གི་སྐབས་ནི་མགྲོན་པོ་མང་ཤོས་ཡིན་ལ། བསྡོམས་རྩིས་ལྟར་ན། ད་ལྟའི་བར་དུ་ཁྱོན་མི་ཐེངས་4000ལྷག་སྣེ་ལེན་བྱས་ཤིང་། ལྗོངས་སྐོར་གྱི་ཡོང་སྒོ་སྒོར་ཁྲི་200ལོན་ཡོད།


       ཉེ་བའི་ལོ་ཤས་རིང་ནས་བཟུང་། ཝོ་ལུང་གྲོང་རྡལ་གྱིས་སྐྱེ་ཁམས་ལྗོངས་སྐོར་འཕེལ་རྒྱས་གཙིགས་སུ་བཟུང་ནས། གྲོང་རྡལ་ཡོངས་སུ་རི་ཆུ་ནགས་གསུམ་གྱི་སྐྱེ་ཁམས་ཁྱིམ་གཞིས་གཞིར་བཟུང་སྟེ། གདོད་མའི་སྐྱེ་ཁམས་དང་། དཔལ་ཡོན་སྡོད་འཚམ། དམངས་སྲོལ་རིག་གནས། དོམ་ཁྲའི་ཁྱིམ་གཞིས་སོགས་ཀྱི་རང་བྱུང་ཁོར་ཡུག་གི་མཐུན་རྐྱེན་ལ་བརྟེན་ནས། ཟ་མ་དང་སྡོད་གནས། ལྟ་སྐོར། ཉོ་ཚོང་། རོལ་རྩེད་བཅས་མཉམ་དུ་འདུས་པའི་དམངས་སྲོལ་མགྲོན་ཁང་སྟེ་ལི་ཞ་སྤུས་ལེགས་དམངས་སྲོལ་མགྲོན་ཁང་གཉེར་བ་དང་། ཝོ་ལུང་གྲོང་རྡལ་གྱིས་རང་བྱུང་གི་སྐྱེ་ཁམས་དང་རིག་གནས་ལྗོངས་སྐོར་ཟུང་དུ་སྦྲེལ་ནས། ལྗོངས་སྐོར་དང་། ཁམས་གསོ། ཁྱད་ལྡན་ཞིང་ལས་བཅས་ཀྱི་ཐོན་ལས་ཆེན་པོ་གསུམ་མཉམ་འདུས་ཀྱི་ལྗོངས་སྐོར་ས་ཁུལ་ཞིག་བསྐྲུན་ཞིང་། དམངས་སྲོལ་མགྲོན་ཁང་120ལྷག་ཡོད་ལ། ཉིན་རེར་མི་ཐེངས་4000ནས་5000བར་སྣེ་ལེན་ཐུབ་ཀྱི་ཡོད། ད་ལོ་ནས་བཟུང་ལྗོངས་རྒྱུ་བ་མི་ཐེངས་ཁྲི་5ལྷག་སྣེ་ལེན་བྱས་ཏེ། དམངས་སྒོར་ཁྲི་700ལྷག་གི་ཡོང་སྒོ་ལོན་ཡོད།

 


       ཝོ་ལུང་གྲོང་རྡལ་གྱི་གྲོང་དཔོན་གཞོན་པ་ཏེང་ཆིང་གིས་གསར་འགོད་པར་བཤད་རྒྱུར། ཝོ་ལུང་གི་མངའ་ཁོངས་སུ་གྲོང་ཚོ་གསུམ་ཡོད་ལ། ལྗོངས་རྒྱུ་བ་མང་དུས་སུ་ང་ཚོས་རིམས་ནད་འགོག་སྲུང་གི་བླང་བྱ་གཞིར་བཟུང་སྟེ། མགྲོན་ཁང་དུ་བསྡད་པའི་ལྗོངས་རྒྱུ་བ་ཀུན་ལ་ལྗོངས་རྒྱུ་བའི་བདེ་འཇགས་གསལ་བརྡར་མིང་ཐོ་འགོད་དུ་བཅུག་ཅིང་། ཟ་མ་དང་། མེ་གསོད། རིམས་འགོག བྲུག་འགོག་སོགས་ཉིན་རྒྱུན་གྱི་ལས་ཀར་བརྟག་དཔྱད་མཛུབ་སྟོན་བྱས་ཏེ། ཡོང་སྒོ་གཉེར་བའི་ཞོར་དུ་ལྗོངས་རྒྱུ་བ་དང་ས་གནས་མང་ཚོགས་ཀྱི་བདེ་ཐང་དང་བདེ་འཇགས་ལ་ཁག་ཐེག་བྱས་ཡོད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1