༄༅།། སུ་རུའི་མེ་ཏོག

ངྷ་ན་ཀོ་ཤ རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 09-20



རྨ་ལྷོ། ངྷ་ན་ཀོ་ཤ 


 བརྟན་གཡོའི་ཆོས་ཀུན་ཚིམས་པར་མཛད་པ་སྣ་བརྒྱའི་མེ་ཏོག་སྙིང་དུ་སྡུག །

 སྡུག་གུར་བཞད་པའི་ལོ་འདབ་ཁུད་ན་ཚེ་སྲོག་འབུམ་ཕྲག་འདོད་པས་མྱོས། །

 མྱོས་རྣམས་ཅ་ཅོས་ཤང་ཤང་འབབ་ཆུ་སྐྱེངས་པའི་ཟོལ་གྱིས་སའི་འོག་ཡིབ། །

 ཡིབ་ཞུའི་ཆས་གོས་གསེར་གྱིས་ཤན་ཀྱང་གང་གི་དཔལ་ལ་མི་ཆགས་སུ། །

 སུ་ཞིག་སྨད་ཕྱོགས་པད་མར་འཁྲེན་ནས་མཚོ་རྫིང་འགྲམ་གྱི་ཉ་མོར་སྤྲུལ། །

 སུ་ཞིག་སྟོད་ཀྱི་ཁམ་བུར་དུངས་ནས་ཉང་ཆུའི་གཞུང་ལ་ཀོ་གྲུ་བཏང་། །

 སུ་ཞིག་འདབ་དྲུག་སེར་ཆེན་གྱིས་བསླུས་ཀླུ་རྟ་དཀར་པོར་སྒ་སྲབ་སྤྲད། །

 སུ་ཞིག་ཁོ་རེ་སུ་རུའི་མེ་ཏོག་སྲིབ་རིའི་ལྟོངས་སུ་ཉམ་རེ་ཆུང་། །

 ཆུང་ཆུང་དཀར་དམར་འཛུམ་བརྒྱའི་ཟེ་བར་ས་མཐོའི་བུ་མོའི་མཛེས་གཤིས་སིམ། །

 སིམ་སིམ་ཆར་གྱིས་འདབ་ལོ་བརླན་ཡང་ཆུ་བ་བཀན་མོས་རང་ཚུགས་ཟིན། །

 ཟིན་ཟིན་ས་ཟིན་རྐྱང་དཀར་རྒྱུ་ལམ་བྱང་ཐང་ཡངས་པོ་མལ་དུ་བསྒོམས། །

 བསྒོམས་བསྒོམས་གདོད་མའི་མེ་སོན་དཔལ་འབར་རང་ལས་མཆེད་པའི་རང་སྣང་མཐོ། །

 མཐོ་དམན་མོས་པ་སྣ་ཚོགས་ལགས་པས་ལ་ལས་དུག་ཤིང་རློན་པར་མཐོང་། །

 མཐོང་ཆོས་མྱོང་གྲུབ་ཐབ་ཀའི་རྩ་ན་འགའ་ཞིག་འབར་བའི་རྫས་སུ་སྤུངས། །

 སྤུངས་པ་བསང་རྫས་རྟེན་དུ་བཞག་ཉེས་ཁ་ཅིག་ཡུལ་ལྷའི་ཐུགས་དཀྲུགས་ཞེས། །

 ཞེས་ཞེས་སྣ་ཚོགས་གཏམ་དུ་བསྙད་ཀྱང་ཉམ་ང་བག་ཚ་མེད་པ་མཚར། །

 མཚར་མཚར་གངས་སེང་གཡུ་རལ་གྱིས་བཏེགས་གངས་ལྷ་མེ་ཏོག་གངས་ན་འཛུམ། །

 མཚར་མཚར་ཆུ་རྫིང་མེར་མེར་གྱིས་བསྐྱེད་ཆུ་སྐྱེས་པད་མ་ཆུ་ཁར་གཡེང་། །

 མཚར་མཚར་གྲང་རླུང་བྱེ་ཟེགས་ལས་བརྒལ་གྲང་སྐྱོབ་སུར་ཤིང་གྲང་སར་སྐྱེས། །

 མཚར་མཚར་འཇིག་རྟེན་ཁྲ་ཁྲའི་ཀློང་ན་འཇིག་པའི་རྟེན་རྣམས་འཇིག་ལྟས་བསླད། །

 བསླད་བྲལ་དཔྱིད་ཀྱི་ཟླ་བ་ཁོར་མོར་སའི་ཞག་གང་བུའི་སྦུབས་སུ་གཅུད། །

 གཅུད་པ་ཡོངས་གྲོལ་དབྱར་ཟླ་འབྲིང་བར་ནགས་ཀྱི་བུང་བ་མགྲོན་དུ་བོས། །

 བོས་འདྲའི་སྟོན་རླུང་བསིལ་བསིལ་ལྡང་དུས་མཛེས་ཆས་འབྱུང་བཞིའི་ཁམས་སུ་བསྟིམས། །

 བསྟིམས་པའི་ཤུལ་གྱི་རུས་སྒྲོམ་ཕུང་པོའང་དགུན་འཁྱག་བ་མོའི་གཉེན་པོར་སྦར། །

 སྦར་ཤིང་སུར་སྨུག་སྒང་ནས་སྐྱེས་པས་སྒང་གི་མི་རྣམས་སྨུག་ཤོས་ཆེ། །

 ཆེ་མིན་སུར་རྩད་རྡོ་ལ་དཀྲིས་པས་རྡོ་རྗེ་སྤུན་གྲོགས་ཐུགས་བློ་མཐུན། །

 མཐུན་ཟླ་མེ་ཏོག་དཀར་དམར་བསྡེབས་པས་དཀར་པོའི་ཆོས་ཀྱི་བསྟན་པ་དར། །

 དར་དིར་ནགས་ཀྱི་སྦྲང་བུ་ཡིན་ཡང་སྦྲང་གཞས་སྙན་མོས་ཆོས་སྤྱོད་སྤེལ། །

 སྤེལ་མིན་ངང་སྐྱེས་ལྷ་ཤིང་ཤུག་པས་རྭ་སྒྲེང་གྱང་གོག་མཐའ་ནས་སྲུང་། །

 སྲུང་མའི་ཐུགས་དགྱེས་ཀླུ་ཤིང་མཁན་པས་དགའ་ལྡན་གསེར་ཁྲིའི་བདེན་ཕྱོགས་སྐྱོར། །

 སྐྱོར་ཡང་གཡོ་བ་མེ་ཤིང་ལྕང་མས་འདབ་ཆགས་བྱིའུར་གཤོག་འགྱུར་བསྩལ། །

 བསྩལ་བ་ཇི་བཞིན་ངོས་ཁེབས་སུར་ལོས་རྟ་ནོར་ལུག་གི་སྣང་བ་གསོ། །

 གསོ་ཐབས་ལག་ལེན་བཅོ་བརྒྱད་ཅེས་ཏེ་ཚེ་སྲོག་བསྲིང་བའི་གཞུང་ལུགས་ལྟར། །

 ལྟར་སྣང་མ་ཡིན་དོན་དམ་བློ་ཡིས་སྒང་པ་བོད་ཀྱི་སོ་མཚམས་ནས། །

 ནས་སྔོན་ཕན་ནས་སུར་ཐུར་ཙམ་ཡང་གཅེས་པར་འཛིན་པའི་བློ་སྦྱོང་གིས། །

 གིས་གྱིས་གཞན་གྱིས་སྐུལ་བ་མ་ཡིན་རང་ནོམ་རང་གིས་བསྒྲུག་བསྒྲུག་བྱ། །

 བྱ་དཀའི་སྙན་ངག་འབྲི་བའི་ཟོལ་གྱིས་ནང་གཟུངས་རྩག་ཧྲུལ་ཚེར་མགོར་གཡེང་། །

 གཡེང་བ་དྲགས་པས་ཟབ་མོའི་ཚིག་དོན་བློ་ཡི་བུམ་པར་མ་འཁྱིལ་བས། །

 བས་མཐའི་ཤིང་ཞེས་ཀུན་གྱིས་དམོད་པ་སུ་རུའི་དཔང་པོར་འགྲེང་མོད་ཀྱང་། །

 ཀྱང་འང་ཡང་གསུམ་རྒྱན་སྡུད་ཕྲད་ཅེས་ཚིག་རིས་ཙམ་ལས་མ་ཕྲིས་ནོངས། །

 ནོངས་པ་ཅི་མཆིས་བཟོད་པར་གསོལ་ལོ་རི་སྐྱེས་མེ་ཏོག་མིག་ཡངས་མ། །

 མ་ངེས་འཇིག་རྟེན་ལེགས་ཉེས་ཅི་འབྱུང་ཁྱོད་ལ་འཁོར་བའི་བརྩེ་བ་དངོས། །

 དངོས་པོའི་ལོངས་སྤྱོད་རི་ལྟར་བརྩིགས་ཀྱང་བརྗེ་བའི་གོ་སྐབས་གཞི་ནས་དབེན། །

 དབེན་གནས་ཤིང་ནགས་ཚང་ཚིང་ཀློང་ན་ཁྱོད་ཀྱི་མཛེས་ཉམས་ལྷངས་སེ་ལྷང་། །

 ལྷང་ལྷང་ཁུ་བྱུག་མོན་ཡུལ་བསྙེགས་ཀྱང་ཁྱོད་ཀྱི་ལྗང་ལོར་ཞེ་རེ་ཤོར། །

 ཤོར་ཤོར་རྟ་རྒོད་རི་ཤོར་ཡིན་ཡང་ཁྱོད་འཁྲིས་རྩྭ་འཇམ་མཆུ་ལ་ཐོགས། །

 ཐོགས་རེག་གེགས་མེད་ཡིད་ལུས་འཁྱམ་པོས་ཁྱོད་ཀྱི་ཞིང་ལ་སྐོར་གསུམ་རྒྱག །

 རྒྱག་གཏམ་ངོམ་སོའི་དབུ་འཕང་མི་མཐོ་སུ་རུའི་མེ་ཏོག་སྙིང་ལ་བཞད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1