༄༅།།ཧོར་གླིང་གཡུལ་འགྱེད་ལས་གླིང་ལ་ཐོག་མར་ཉམས་ཉེས་ཇི་ལྟར་བྱུང་བའི་སྐོར་ལ་ཅུང་ཟད་དཔྱད་པ།

དབང་ཆེན། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 09-21



  དེ་ཡང་ཁྲོ་ཐུང་གིས་གུར་དཀར་ལ་མགོ་འབུལ་ཞུས་ནས་ཧོར་དམག་གིས་གླིང་ལ་ཇི་ལྟར་རྒོལ་བའི་བློ་ཕུག་ཁྲོ་ཐུང་གིས་ངག་བཀོད་ལ་བརྟེན་ནས་བྱུང་བར་ཡིན་ལ།     དེ་ཡང་ཧོར་གླིང་གཡུལ་འགྱེད་ལས་ཁྲོ་ཐུང་གིས་གུར་དཀར་ལ་འདི་ལྟར་བཤད་ཡོད་དེ།   ཁྱོད་གུར་དཀར་སྟག་ཞུ་རྒྱལ་པོ་དང་། །ང་མ་གཞི་དཔོན་པོ་ཁྲོ་ཐུང་གཉིས། །མི་གཉིས་གངས་དཀར་སེམས་དེ་གཅིག  །ཆོས་བསྟན་པ་གྲུ་བཞི་གཅིག་ལ་བྱེད། །ཚེ་ཕྱི་མར་འཇིགས་པའི་གནའ་གཅིག་འཇོག  །ད་ལྟ་འཇིགས་པའི་འབའ་ཡིག་འཇོག  །གླིང་དཀར་པོའི་ཕ་ཆོས་གྲུ་བཞི་དེ།  །ཕྱི་བཤིག་སྟ་རེ་གུས་དཀར་གྱིས། །ནང་བཤིག་སྟེའུ་ང་རང་བྱེད། །དགྲ་སྣེ་གསོན་ཁྲིད་ང་ཡིས་བྱེད། །མཁར་སེང་ཕྲུག་བཙན་ཀྱང་སླ་མོ་ཡོད། །ཆར་སྣེ་རླུང་ཁྲིད་ཨ་ཕོའི་བྱེད། །ཅེས་ནང་རུལ་བྱས་པའི་སྡར་གཏམ་མང་པོ་ཤོར་བ་དང་།   ཡང་དེ་ཉིད་ལས།  དེ་ནས་གུར་དཀར་དགའ་མགུ་ཡི་རངས་ཏེ་ཤ་རློན་པ་མཉམ་ཟས་དང་ཁྲག་དྲོན་མོ་མཉམ་འཐུང་བྱས་ནས་བློ་གྲོས་གཅིག་ཏུ་བསྲེས་སོ། །ཞེས་པ་འདི་ལ་བརྟག་ན།  ཟས་དང་སྐོམ་མཉམ་དུ་བཟའ་བཏུང་བྱས་པ་ཙམ་གྱིས་བློ་གྲོས་གཅིག་ཏུ་འདྲེས་པ་གྱུར་ན།  དེ་ལྟར་ན་བྱ་ཁྱི་གཉིས་ཀྱང་བློ་གྲོས་གཅིག་ཏུ་བསྲེས་པ་སོགས་རིག་པའི་སྒྲུབ་བྱེད་མང་དུ་འགྲོ་བས་གོ་ཆོད་པའི་གཏམ་དུ་ག་ལ་འགྱུར།   འོན་ཀྱང་བློ་གྲོས་གཅིག་ཏུ་བསྲེས་ཞེས་པ་འདི་གུར་དཀར་དང་ཁྲོ་ཐུང་གཉིས་ཀྱི་བྱ་བྱེད་མང་བའི་ཆ་དང་།   སྡང་དགྲ་མཐོང་བས་གབ་ས་དང་འཇབ་ས་གྲོས་ས་གསུམ་ལས་མེད་པའི་སྡར་མ་ཡིན་པའི་ཆ་དང་།   བགྲོས་པའི་གྲོས་ཀྱིས་ཕྱོགས་གཉིས་ཀར་ཉེས་པའི་རྒྱུ་རུ་སོང་བ་ལ་བློ་གྲོས་གཅིག་ཏུ་བསྲེས་ཞེས་པའི་ཐ་སྙད་འདི་བྱུང་བར་ཡིན་པ་ལས་ཆུ་དང་འོ་མ་ལྟར་བློ་དང་གྲོས་གཉིས་གཅིག་ཏུ་བསྲེས་ནས་འདྲེས་འགྲོ་བའི་དངོས་པོ་མཐོང་རྒྱུ་ཡོད་པ་ཞིག་མཁས་པ་སུས་ཀྱང་མི་སྨྲའོ།། དེ་ལྟར་ནའང་གླིང་སྒྲུང་ནང་གི་མདའ་གཅིག་གིས་བྲག་དང་རི་སོགས་བསྙིལ་བ་དང་།   ཕ་བོང་གཡག་རོ་ཙམ་གཏོར་བ།   རྒྱ་མཚོ་གནམ་དུ་རྐྱོལ་བ།   འུར་སྒྲ་དང་ལྡིར་སྒྲས་གནམ་ས་བཀང་བ།   རི་བོ་པང་དུ་ལེན་པ།   མཐེབ་མཛུབ་བར་དུས་གཅིག་ཏུ་མདའ་ལྔ་བརྫངས་པ་སོགས་ཀྱི་གཏམ་རྒྱུད་ཐལ་ཆེ་བ་ནི་རྩོམ་པ་པོའི་རབ་བཏགས་དང་ཚིག་རྒྱན་གྱི་ཉམས་འདོན་པ་ལས། དེང་དུས་ཚན་རིག་གིས་འཕྲུལ་ཆས་ལ་བརྟེན་ནས་འཕུར་མདའ་དང་རྡུལ་ཕྲན་མཚོན་ཆ་སོགས་ཀྱི་ནུས་པ་དང་འདྲ་བ་ཞིག་སྐབས་དེར་བྱུང་ཡོད་པའི་ལོ་རྒྱུས་མེད་ལ།

མིའི་བསམ་བློ་དང་ཡོན་ཚད་དེ་ཙམ་སླེབ་མེད་པར་དངོས་ཐོག་བདེན་འཚོལ་གྱི་ར་སྤྲོད་བྱེད་ཐུབ་པ་ཡིན།   ད་དུང་གཞན་ཡང་འུར་རྡོ་མ་མོ་ཙམ་ཞིག་འཕངས་ནས་མི་རྟ་བརྒྱ་ཕྲག་མང་པོ་ཆག་ཉིལ་དུ་བཏང་བ་དང་། རྟས་མི་སྐད་དུ་གཏམ་བཤད་གླུ་ལེན་སོགས་ཀྱི་ལོ་རྒྱུས་ཡོད་པ་རྣམས་ལ་གདེང་འཇོག་གནང་བ་ནི་ཡ་སོ་ཅན་གྱི་བ་གླང་ལས་གཞན་དུ་འཇོག་བྱེད་ཀྱི་དཔེར་མི་རྙེད་དོ།།   དེ་དག་ནི་འཕྲོས་དོན་ཙམ་དུ་ཟད་ལ།   ད་དུང་ནང་རུལ་བྱས་པའི་ཁྲོ་ཐུང་གིས་གཏམ་ལ།  ཧོར་གླིང་གཡུལ་འགྱེད་ལས།    བུ་སྣང་ངུ་སང་ཉིན་ཇག་ལ་གཏང་། །རྟ་ཁྲ་ཁྱུ་ཡར་ལ་དེད་དུ་ཆུག  །ཧོར་ཤན་རྒོད་གཉིས་གསུམ་ར་མདའ་ཐོངས། །མགོ་དར་ཕྲུ་ཤར་ལེ་ཨེ་ཐུབ་ལྟོས། །གླིང་ཚུར་ལ་མ་གཏང་གུར་དཀར་དཔོན། །གཞན་མ་དཔའ་རྟུལ་སུམ་བཅུ་དེ། །ཕྱི་ལྟས་ཨ་ལོང་བསྐོར་བསྐོར་ཏེ། །ནང་ལྟས་ཁ་ཁ་སོ་སོ་ཡིན། །དེ་རྗེས་ཉི་མའི་རྒྱབ་རོལ་ན། །ཧོར་སེར་པོ་མཚན་འགྲིམ་གྱིས་ནས་ཤོག  །རྨ་ཉིན་གུར་གྱིས་ཁེངས་པ་གྱིས། །དེ་ནས་ཅི་དགོས་བརྟག་དཔྱད་བྱེད། །བློ་མ་ཤེས་བློ་སྟོན་ཨ་ཕོས་བྱེད། །ཅེས་གུར་དཀར་དཔོན་བློན་ཤན་པའི་འཁོར་ཚོགས་ཀྱི་དབུས་སུ་གླིང་དམག་ཇག་ལ་གཏང་ནས་སྣང་ངུ་ཧོར་ཤན་པའི་མཚོན་འོག་དྲངས་དགོས་པའི་གཏམ་དང་།   དེའི་རྗེས་སུ་ཧོར་དམག་མཚན་མགྲིམ་བྱས་ནས་རྨ་ཆུའི་ཉིན་ངོས་དམག་སྒར་རྒྱབ་ནས་གུར་གྱིས་ཁེངས་པར་བྱེད་དགོས་པ་སོགས་ཕ་གཞིས་དགྲ་ལག་ཏུ་བཅོལ་ནས་རང་མགོ་བཙོང་བའི་ལས་དེ་ཐོག་མར་ཁྲོ་ཐུང་གིས་བྱས་པ་དང་།   དེ་ནས་ཁྲོ་ཐུང་ལ་གུར་དཀར་གྱིས་གླིང་དཀར་དཔའ་ཐུལ་རྣམས་ཀྱི་ངོར་རྟ་ཇག་བླངས་བའི་གཡོ་ཟོལ་གྱིས་དཔའ་ངོམ་བྱེད་རྒྱུའི་རྟ་རྔ་ཆད་རྔོག་ཟླུམ་སུམ་བརྒྱ་ཙམ་བསྐུར་ནས་ཁྲོ་ཐུང་གླིང་ལ་ལོག་ནས་རྟ་འགྱེད་བྱས་པའི་ཚེ།   དེ་མ་ཐག་སྤྱི་དཔོན་གཙོས་གླིང་གི་ཕུ་ནུ་རྣམས་ཀྱིས་ཁྲོ་ཐུང་གིས་མགོ་བཙོང་ཚར་བ་མིན་ནམ་སྙམ་པའི་ལྡོག་ཏུ་མེད་པའི་ཐེ་ཚོམ་ཞིག་སྐྱེས་པར་གྲགས།    གང་ལྟར་ཡང་ཁྲོ་ཐུང་དང་གུར་དཀར་གཉིས་ཀྱིས་གྲོས་འཆམ་པའི་གཏམ་ལ་བརྟག་ན།   གཅིག་ཁོང་གཉིས་བྱ་བྱེད་མང་བར་མཚུངས་པ།  གཉིས་མི་གཞིར་གཏན་པོ་མེད་པར་མཚུངས་པ།  གསུམ་དཔའ་བོ་མཐོང་དུས་ཝ་བྲོས་བྱེད་པར་མཚུངས་པ།    བཞི་རང་ཚུགས་དང་ཡིད་སྟོན་མེད་པའི་གཏམ་དགར་སྨྲ་བར་མཚུངས་པ།  ལྔ་རང་ལ་ཁོག་རྒྱ་དང་སྤོབས་པ་མེད་བཞིན་རྫིག་གཏམ་དང་བརྙས་བཅོས་དམའ་འབེབས་སོགས་ཀྱིས་གཏམ་ཚོད་མེད་སྨྲ་བ་བཅས་རྣམ་པ་ལྔའི་སྒོ་ནས་མཚུངས་པ་སྟེ།   དེ་ཡང་དང་པོ་གུར་དཀར་རྒྱལ་པོ་དེས་ཇུས་རྟོག་མེད་བཞིན་དུ་གླིང་དཀར་སྟོད་ལ་བྱ་ཐན་བཏང་ནས་ཉེས་མེད་བཙན་འཛུལ་གྱི་དམག་ཐབས་སྐྱོད་པའི་བྱ་བྱེད་མང་བ་ནི། དེ་ཡང་སྐྱའི་ལེགས་བཤད་ལས།   རྒྱལ་པོས་མགོ་འཕངས་བསྟོད་གྲགས་ན།  །དེ་ཡི་ཐ་མ་བརླག་པའི་རྒྱུ། །སྒོ་ང་མཁའ་ལ་འཕངས་གྱུར་ན། །ཆགས་པ་ཉིད་ལས་གཞན་ཅི་འབྱུང་། །ཞེས་གསུངས་པ་ལྟར།  རང་མཐོང་གིས་ང་རྒྱལ་ཆེ་དྲགས་ན་ནམ་ཞིག་རང་ཉིད་བརླག་པའི་རྒྱུ་ལས་མ་འདས་པ་སོང་བར་ཡིན་ནོ།། ཁྲོ་ཐུང་གིས་གླིང་དཀར་སྟོད་ལ་དཔའ་ངས་ལེན་དང་དུག་ངས་འཐུང་བྱས་ཏེ་ཧོར་ལ་རྟ་ཇག་སོང་བས་རེས་འགའ་རྒྱ་ཚའི་ངང་ཚུལ་དང་རེས་འགའ་གེ་སར་ཡིན་འདོགས་རེས་འགའ་ཁོ་ཁྲོ་ཐུང་ཡིན་པའི་རྒྱུ་མཚན་བཤད་དེ་ར་ཚེ་ཟད་འཕར་བའི་ཚང་ཁར་ཕྱིན་པའི་དཔེ་ལྟར།  ཧོར་དམག་གིས་ཁོ་ལ་ཅི་ཡོད་ཤེས་ཏེ་ཤན་རྒོད་རྣམས་ཀྱིས་དེད་ནས་འཁོར་གསུམ་ལུས་དང་ཕྲལ་ཏེ་བྲོས་ས་གབ་ས་མ་རྙེད་པར་འཕྱི་ཁུང་དུ་འདར་ཁྲིལ་ལི་ལི་བྲོས་ནས་བྱིས་ཕྲུག་ཐང་ལ་འཛིན་པར་བཞིན།   ཕྱི་དཀྱིག་ཨ་ལོང་དང་ནང་དཀྱིལ་གྲུ་གུ་བསྡོམས་པ་བཞིན་བྱས་ཏེ་གསོན་བསད་བྱེད་གྲབས་བྱས་ཚེ་མགོ་འབུལ་ཞུས་པས་གུར་དཀར་གྱིས་ཁོའི་མི་རྒྱུས་ཤེས་ནས་ནང་རུལ་བྱེད་པར་ཁས་ལེན་བྱས་པ་སོགས་བྱ་བྱེད་མང་བ་ཡིན།  །ཡང་དེ་ཉིད་ལས།     མི་ལྕོགས་བྱ་བ་རྩོམ་པ་དང་། །མང་དང་འཁོན་ཞིང་སྟོབས་ལྡན་རྩོད། །བུད་མེད་ཡིད་རྟོན་ངན་དང་མཛའ། །ལྔ་པོ་མྱུར་དུ་བརླག་པའི་རྒྱུ། །ཞེས་གསུངས་པ་ལྟར། ཧོར་ལ་རྟ་ཇག་འགྲོ་བའི་སྙིང་སྟོབས་དང་དཔའ་ངར་མེད་བཞིན་དུ་འགྲོབའི་བྱ་བ་རྩོམ་པ་དང་།  གླིང་གི་ཕ་ཁུ་ཕུ་ནུ་མང་ཆེ་བ་རྣམས་ལ་ངན་སྨྲས་དང་ཚིག་རྩུབ་ཀྱི་སྒོ་ནས་འཁོན་དུ་འཛིན་ཞིང་ལོངས་སྤྱོད་དང་རིགས་རུས་སོགས་སྟོབས་ལྡན་གྱི་ཆེ་བ་རྩོད་པ།    ཧོར་གུར་དཀར་གྱིས་སྲས་མོ་དཀར་མོ་མཚོ་ཁྲོ་ཐུང་ལ་བག་མ་བརྫང་རྒྱུ་ཁ་ཆེས་བྱས་པའི་གཏམ་ལ་ཐོབ་འདོད་ཀྱི་དབང་གིས་བུད་མེད་རང་ག་བ་ཞིག་ལའང་ཡིད་རྟོན་དང་མཐོང་ཆེན་བྱེད་པ། གླིང་དཀར་སྟོད་ཀྱི་དགྲ་བོ་ཧོར་གུར་དཀར་རྒྱལ་པོ་ལ་མགོ་བཏགས་ཏེ་གྲོགས་པོ་ངན་པ་དེ་ལ་བརྟེན་ནས་མཛའ་བར་བྱས་པ་ལྔ་པོ་དེས་རང་གཞན་ཐམས་ཅད་མྱུར་དུ་བརླག་པའི་རྒྱུ་རུ་སོང་བ་ཡིན་ནོ།།   དེ་ལྟར་ཁྲོ་ཐུང་གི་ཕྱི་ནང་ངན་འབྲེལ་བྱས་པའི་དབང་གིས་སྤྱི་དཔོན་གྱི་བུ་སྣང་ངུ་གཡུ་སྟག་དགྲ་ལག་ཏུ་ཤོར་བར་དེས་མ་ཚད་ཧོར་དམག་གླིང་ལ་དྲངས་ནས་རྨ་ཆུའི་ཕ་རིར་ཉིན་ངོས་ཐམས་ཅད་དམག་སྒར་གྱིས་ཡུལ་ཁམས་བཀང་བ་བྱས་པར་གྲགས་སོ།།   གཉིས་པ་གུར་དཀར་རྒྱལ་པོ་དེའི་མི་གཞིར་གཏན་པོ་མེད་པ་ནི་ཁོས་བཤད་པར་རེས་འགའ་ལུས་འབྱུང་བ་བཞི་ལ་རང་དབང་ཐོབ་པའི་འཇིག་རྟེན་ཕལ་པའི་མི་ལས་འདས་པའི་ས་ཐོབ་ཀྱི་སེམས་དཔའ་ཞིག་ཡིན་པའི་ཚུལ་སྟོན་པ་དང་།   དབུ་འཕངས་ནི་ཨ་སྔོན་དགུང་ལས་མཐོ་བའི་ཚད་དུ་ཕྱིན་པའི་སྐད་དང་།  ས་དོག་མོའི་སྟེང་དུ་ཤོང་མི་ཐུབ་པའི་གཟི་བརྗིད་ཆེ་བ་དང་།   སེང་ཕོ་ཐང་ལས་དཔའ་བོའི་སྙིང་སྟོབས་ཆེ་བའི་ཚད་སོགས་སྟོང་གཏམ་མང་དུ་བཤད་པ་ནི།   ཧོར་གླིང་གཡུལ་འགྱེད་ལས།   དབུ་འཕངས་ཨ་སྔོན་དགུང་ལས་མཐོ།  །སྐུ་བརྗིད་དོག་མོའི་ས་ལས་ཆེ། །དཔའ་སྙིང་ཕོ་ཐང་སེང་ལས་ཆེ། །ཞེས་རང་བསྟོད་ཀྱི་གླུ་དེ་ལ་དཔྱད་ན་དབུ་འཕངས་ཨ་སྔོན་དགུང་ལས་མཐོབ་དང་། སྐུའི་གཟི་བརྗིད་ཀྱང་ཀུན་གྱི་བརྟེན་གཞིར་གྱུར་པའི་ཡངས་པའི་ས་གཞི་ཆེན་པོ་ལྟ་བུ་ཡོད་སྙམ་པའི་རང་རློམ་གྱི་ང་རྒྱལ་ཆེ་བས་མི་གཞི་བརྟན་པོ་མེད་པ་དང་།    ཁ་བཤད་དང་ལག་ལེན་གཉིས་དོན་དངོས་ཐོག་འགལ་བར་ལྟག་སྤྲོད་སོང་བས་མི་གཞི་བརྟན་པོ་མེད་པར་མཚོན་པ་ནི།  དཔའ་བོས་སྙིང་སྟོབས་ནི་རི་དྭགས་ཀྱི་རྒྱལ་པོ་སེངྒེ་རལ་པ་ཅན་ལས་ཀྱང་ཆེ་བ་སོགས་བཤད་མོད།  དོན་དུ་སྡར་་མ་ཝ་ལས་ཀྱང་ཆེས་སྡར་མའི་གནས་སུ་གྱུར་པ་ནི།   ཐོག་མར་ཁྲོ་ཐུང་གིས་གེ་སར་བརྫུས་པ་ལ་གུར་དཀར་འཇིགས་དངངས་སྐྱེས་ནས་སྒོ་ཕྱིར་བུད་པའི་དཔའ་མེད་པ་མ་ཟད་གྲེ་བ་འཛེར་ནས་སྐད་ངག་ཤོར་ཏེ་སྐུ་མཆེད་གཉིས་ཀ་དེ་རིང་ཇག་ལ་བྱོན་ལེ་རེད་མོད་ཁ་རོག་སྡོད།  གེ་སར་རང་ཅི་མཛད་ན་མཛད་དུ་ཆུག་ཅེས་སྡར་སྐད་ཤོར་བ་དེའང་རང་ཚུགས་ཤོར་བའི་རྟགས་སུ་མངོན་ནོ།།   དེ་བཞིན་དུ་ཁྲོ་ཐུང་གིས་ཀྱང་ཐོག་མར་གླིང་དཀར་སྟོད་པའི་ཕུ་ནུ་མིང་སྲིང་རྣམས་ལ་ཁྲོ་རྒྱལ་ཧོར་ལ་རྟ་ཇག་འགྲོ་བའི་དཔའ་གཏམ་བཤད་པར་འདི་ལྟར།   དེ་ཡང་ཧོར་གླིང་གཡུལ་འགྱེད་ལས།   དཔའ་ཚོད་འཐབ་ཚོད་ང་རང་ཆེ། །དཔའ་སྙིང་གོམས་པ་ང་རང་ཆེ། །ཆེ་དོན་རྩ་བ་བཤད་པ་ན། །སེང་ཁེར་སྐྱེས་རལ་པའི་མགོ་ལག་དེ། །དམར་ཙ་རེ་ལེན་མི་ཨ་ཕོ་ཡིན། །ང་ཕོ་སྤྱང་འདྲ་བའི་སྙིང་ཁམས་ཡོད། །བཀྲ་ཡགས་ཝ་མོའི་སྤྱང་གྲུང་ཡོད། །ཞེས་དང་་།  ཆབ་སྔོན་མོ་ཁ་ཞེང་ཆེ་ན་ཡང་། །གྲུ་བཟང་པོའི་ཕར་བཙད་ཚུར་བཅད་ཡིན། །ཤིང་སྡོང་པོའི་རྩེ་མོ་མཐོ་ན་ཡང་། །རྣོ་སྟ་གྲིས་ཕར་བཅད་ཚུར་བཅད་ཡིན།  །ཧོར་སེར་པོའི་བུ་རྟ་མང་ན་ཡང་། །ང་ཁྲོ་རྒྱལ་སོང་ན་ཅི་བྱེད་ཡིན། །ངས་གུར་དཀར་ལ་གཉའ་སྒ་བསྟོད་ཤས་ཆེ། །ཧོར་ཤན་པའི་ལྷུ་དུམ་འཕྲལ་ཤས་ཆེ། །  ཕོ་གེ་སར་མིན་ཏེ་འདྲ་མདོག་ཁ། །ཕོ་ལ་རྒོད་ཞན་རིག་ནས་འོངས།  །རྩལ་ལག་སུ་ཆེ་མཐོང་ནས་ཡོང་། །ང་ཁྲོ་རྒྱལ་རྟིང་མ་ཧོར་ལ་ལེན། །དཔའ་ཡང་རྟུལ་རྟིང་མ་འཇོག་ངེས་ཡིན།  །ཞེས་རང་ཚུགས་མེད་པའི་དཔའ་གཏམ་འབྲུག་གྲགས་པ་ལྟར་བྱས།  དོན་དངོས་པོའི་ཐོག་ཏུ་ཧོར་ཨ་དཀར་རྒྱ་ལམ་གོང་མ་རུ་ཕྱིན་ཙ་ན་ཧོར་དམག་གིས་དཔུང་མཐོང་བས།  སྐྲག་ནས་ཁ་སྐོམ་ལུས་འདར་ནས་ཡུད་ཙམ་དྲན་མེད་དུ་རྒྱལ།   དེ་ནས་ཡར་སོས་ནས་སྡར་སྐད་འདོན་པར་བྱས་ཏེ།   ཡང་དེ་ཉིད་ལས།    ལས་ཕར་འགྲོ་ལམ་ནས་ཐར་ཞན་འདྲ། །ཆུར་འོང་སྲོག་ལས་མི་ཐར་ངེས། །ངེད་རང་མི་རྟ་གཉིས་པོ་འདི། །ལམ་ཡན་པོར་གཅིག་ལ་ཨེ་འགྲོ་ལགས། །ལམ་ནོར་བ་ཁུལ་མདོག་ཨེ་བྱེད་ལགས། །ང་དཔོན་པོ་ན་མདོག་ཨེ་བྱེད་ལགས། །སྲིན་ཕོ་ལངས་ན་མདོག་ཨེ་སྟོན་ལགས། །གདོན་གཟེར་ཐེབས་ཚུལ་ཨེ་བྱེད་ལགས།། །བྲོ་ཆད་ལྷམ་བུག་ཨེ་བྱེད་ལགས། །ཞགས་བདུན་རི་ཉལ་རྒྱབ་ནས་འགྲོ། །ས་སྐྱིད་པོ་གླིང་དཀར་མཐོང་སྨོན་ནས། །ལུས་གྲུ་བཞི་སྐུ་ཚེ་རིང་ན་དགའ། །ཞེས་སོགས་ད་དུང་སྡར་སྐད་མང་དུ་འདོན་ཡོད་ཀྱང་མང་དྲགས་པས་མ་བྲིས་སོ།།   དེ་ལྟར་ཁ་བཤད་དང་ལག་ལེན་གོ་ལྡོག་ཏུ་སོང་བའི་རང་ཚུགས་མེད་པར་ན་མདོག་ནོར་མདོག་ཤི་མངོག་གསུམ་གྱིས་གཏམ་བྱུང་རྒྱལ་དུ་སྨྲ་བར་བྱས་པ་འདི་ཁོང་གཉིས་མཚུངས་པའི་སྡེ་གཉིས་པར་མཉམ་འཇོག་བྱས་ཡོད།   གསུམ་པ་ཁོང་གཉིས་ཀར་ཧོར་གླིང་བར་ཐོག་མཐའ་བར་གསུམ་གྱི་དཔའ་བོའི་རྟོགས་བརྗོད་དག་ཏུ་བྲོས་རབས་དང་གབ་རབས་ངུ་རབས་ཕུང་རབས་རྣམས་ལས་དཔའ་རྟགས་དང་རྟིང་མ་བླངས་པའི་གཏམ་ཟུར་ཙམ་ཡང་མེད་པས།   དེ་དག་གི་དོན་རྒྱས་པ་བྲིས་ན་ཡིག་ཚོགས་མང་བ་དོགས་ནས་རེ་ཞིག་བཏང་སྙོམས་སུ་འཇོག་པ་ལགས་སོ།།   བཞི་པ་རང་རིགས་འདུས་པའི་འཁོར་ནང་དུ་གུར་དཀར་གྱིས་དཔའ་སྟོབས་དང་དཔུང་ཤུགས་ཀྱིས་སྡང་དགྲ་ཆོམ་ལ་ཕབ་པའི་བཀའ་ཕབ་ནས་གདོང་འཆོང་བྱེད་དགོས་པར་བཤད་ཀྱང་།    དོན་དུ་གླིང་གི་བུ་ཆུང་སྣང་ངུ་གཡུ་སྟག་དེས་ཧོར་སྒར་ཁྲག་བཞིན་དུ་དཀྲུགས་ཏེ་རྒྱལ་པོའི་ལས་གུར་ལ་གྲི་ཤན་རྒྱབ་ནས་གནམ་ཐེའུ་དཀར་པོའི་རྟེན་ཐུགས་མགོ་མཇུག་བསྒྱུར་བར་བྱས་ཚེ་གུར་དཀར་གྱིས་གདོང་ལ་ལྟ་བ་ཙམ་ཕར་ཞོག་ཡར་རྩེ་མཁར་ནང་བྲོས་ནས་རང་ཚུགས་མེད་པར་འདར་ཁྲིལ་ལི་ལི་བྱས་ནས་བསྡད་པ་དེ་བློན་པོ་དང་པཱ་དུར་ཤན་པ་སོགས་ལ་ཁ་ཕོ་འཐེན་པའི་གཏམ་དེ་ལ་ཡིད་རྟོན་གང་ཡང་མེད་པར་ཤེས་ནུས།   དེ་ཡང་ས་སྐྱའི་ལེགས་བཤད་ལས།  གཏིང་ནས་ཉམས་པའི་ཁྲེལ་འདས་རྣམས། །རང་གི་གཏམ་ངན་ངོ་སོར་འཁྱེར། །ཀཉྩའི་ཡུལ་གྱི་རྒྱ་རིགས་འགའ། །ཕ་བསད་པ་ལ་རྒྱལ་རྔ་རྡུང་། །ཞེས་གསུངས་པ་ལྟར། ད་རུང་ཁོང་གི་བཤད་པའི་དཔའ་གཏམ་དེ་དག་ངོ་སོར་བསྟོད་ན་ཡིན་སྙམ་པའི་དགའ་བ་བསྟས་པ་ཡིན་ནོ།། དཔེ་དེས་མཚོན་པའི་ཁྲོ་ཐུང་གིས་གླིང་ལ་བཤད་པའི་སྔར་གཏམ་རྣམས་ཆུ་ལ་རི་མོ་བྲིས་པ་ལྟར་རང་ཡལ་རྗེས་མེད་དུ་སོང་བ་ཞིག་མ་གཏོགས་གཏད་སོ་ཅན་གྱི་གཏམ་ཚིག་གཅིག་ཀྱང་མེད་པར་མ་ཟད་ད་རུང་ནང་གཏམ་ཕྱི་ལ་བསྒྱུར་བར་བྱས་པ་ཁོ་ནའོ།། དེ་ཡང་ལེགས་བཤད་ལས།   ཧ་ཅང་གཡོ་སྒྱུ་མང་དྲགས་ན། །རེ་ཞིག་གྲུབ་ཀྱང་ཐ་མར་བརླག །གཟིག་ལྤགས་བཀབ་པའི་བང་བུ་ཡིས། །ལོ་ཏོག་ཟོས་མཐར་གཞན་གྱིས་བསད། ། ཅེས་པ་ལྟར་ཁྲོ་ཐུང་གུར་དཀར་ལ་ཡིད་ཆེས་ནས་གླིང་གི་ནང་རུལ་བྱས་པ་དེས་མཐར་མི་ཕུང་གཞན་བརླགས་ཀྱི་གཡོ་སྒྱུར་འབྲས་བུ་གྲུབ་པར་འགྱུར་རོ།།   གོང་གི་མཚུངས་པ་ལྔ་པོ་དེ་ལ་སྒྱུ་རྩལ་གྱི་ནུས་པ་འདོན་སྤེལ་ཇི་ལྟར་བྱས་པའི་ཁྱད་ཆོས་ནི།   འདིར་རྩོམ་པ་པོས་ཧོར་གླིང་བར་གྱི་མི་སྣ་གཉིས་ལ་བརྗོད་བྱར་བྱས་ནས་གྲུབ་པ་ཙམ་མ་ཡིན་པར།   སྤྱིར་མ་འོངས་པར་འགྲོ་བ་མིའི་ཤེས་རྒྱུད་འཆོས་པར་བྱེད་པའི་སློབ་གསོའི་རང་བཞིན་གྱི་ནུས་པ་འདོན་སྤེལ་དང་གདེང་འཇོག་ཚད་མཐོན་པོར་གནང་ཡོད་ལ།   ཧོར་གླིང་གཡུལ་འགྱེད་ཀློག་པ་པོ་རྣམས་ཀྱིས་སྐྱོན་ཡོན་ཤན་འབྱེད་བྱེད་པའི་བསམ་པའི་གོ་རྟོགས་ལ་སློབ་གསོའི་རླན་པར་བྱེད་པའི་རྒྱུ་ཚང་ལ་མ་ནོར་བ་ཞིག་ཡིན་པར་བཤད་ཐུབ།   


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1