སྦྲང་རྩིའི་ཐོན་ལས་དར་བས།། བདེ་སྐྱིད་འཚོ་བ་བསྐྲུན་སོང་།།

ཚེ་དཔག་ལྷ་མོ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་སྒྲ། སྤེལ་དུས། 09-22






——ཁྲོ་ཆུ་རྫོང་སྟི་རུ་ཡུལ་ཚོའི་སྦྲང་རྩི་གསོ་སྤེལ་ལས་རིགས་ཀྱིས་ཞིང་བར་འབབ་འཕར་བྱུང་བའི་གནས་ཚུལ་རགས་བཀོད། 



      ཉེ་བའི་ལོ་ཤས་རིང་། ཁྲོ་ཆུ་རྫོང་སྟི་རུ་ཡུལ་ཚོས་སྐྱེ་ཁམས་ཐོན་ཁུངས་དང་གནམ་གཤིས་ཀྱི་ཆ་རྐྱེན་བཟང་བོར་བརྟེན་ནས་སྦྲང་གསོའི་ལས་རིགས་འཕེལ་རྒྱས་ཤུགས་ཆེར་བཏང་བས་སྦྲང་རྩི་མངར་མོའི་ཐོན་ལས་ཀྱིས་མང་ཚོགས་ཀྱི་ཡོང་འབབ་ཇེ་མང་དང་གྲོང་གསེབ་དར་རྒྱས་ལ་རྨང་གཞི་བརྟན་པོ་བཏིང་ཡོད།   


 

      ཤིས་སྨི་གྲོང་སྡེའི་གྲོང་མི་སན་པའོ་ཡིས་གསར་འགོད་པར་སྦྲང་མ་རྣམས་ལ་སྦྲང་རྩི་མང་བོ་གསོག་ཏུ་འཇུག་དགོས་ན། ལོ་གཅིག་གི་དུས་ཚིགས་བཞི་བོར་བཟའ་བཅའ་འདང་ངེས་ཡོད་པར་བྱས་ནས་སྦྲང་མ་རྣམས་ཀྱིས་བདེ་འཇགས་ངང་དགུན་སྒྲོལ་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་བཤད། ཉེ་ཆར། སྦྲང་རྩི་ཕུན་སུམ་ཚོགས་པོ་འདུག་ལ་ཁོང་གིས་ཉིན་ལྟར་སྦྲང་རྩི་བླུགས་པའི་གནས་ཚུལ་ལ་ལྟ་བ་དང་། སྦྲང་སྒམ་ལ་གཙང་སེལ་བྱེད་པ། སྦྲང་ཚོགས་ལ་དོ་སྣང་ཆེན་པོ་བྱེད་པ་བཅས་བྱས་ནས་སྦྲང་རྩི་འཐུ་རྒྱུའི་གྲ་སྒྲིག་བྱེད་ཀྱིན་ཡོད།


      སྟི་རུ་ཡུལ་ཚོ་ནི་ཁྲོ་ཆུ་རྫོང་གི་ཤར་ལྷོའི་རྒྱུད་དུ་གནས་པ་དང་། ཉི་འོད་འདང་ངེས་ཡོད་ལ་ལོ་ཧྲིལ་བོའི་དྲོད་ཚད་ཀྱི་ཧེ་བག་ཅུང་ཆུང་མོད། ཉིན་རེའི་དྲོད་ཚད་ཀྱི་ཧེ་བག་ཆེ་ཙམ་ཡོད། སྲོག་ཆགས་དང་རྩི་ཤིང་སྣ་མང་ཕུན་སུམ་ཚོགས་པོ་ཡོད། ཧྥེང་མའོ་ཅུས་དང་། སྨི་སོའོ་ལའོ། ཝུའུ་ཅིན་ཙེ་སོགས་སྦྲང་རྩིའི་འབྱུང་ཁུངས་ཀྱི་རྩི་ཤིང་གིས་སྦྲང་མའི་འཚོ་གནས་ལ་དགོས་ངེས་ཀྱི་ཆ་རྐྱེན་མཁོ་འདོན་བྱས་ཡོད།


 

      དགུན་གྱི་དུས་སུ་སྦྲང་མ་རྣམས་ལ་བཟའ་བཅའ་འདང་ངེས་ཡོད་པ་དང་བདེ་འཇགས་ངང་དགུན་སྒྲོལ་ཐུབ་ཆེད། སན་པའོ་ཡིས་སྦྲང་རྩའི་ཁ་མ་བཀབ་པའི་སྦྲང་སྒམ་ངོས་ཀྱི་སྦྲང་རྩི་མ་བླངས་པར་ཉར་ཚགས་བྱས་ནས་དགུན་ཁར་སྦྲང་མ་གསོ་བར་སྤྱོད་ཀྱི་ཡོད་ལ། ཁ་བཀབ་པའི་སྦྲང་རྩི་རིམ་པ་རེ་རེ་བཞིན་འཚག་ནས་སྙིགས་རོ་མེད་པར་བཟོས་ཏེ། སྦྲང་རྩི་དྭངས་ཤིང་སྤུས་ཚད་ཆེས་བཟང་བོ་ཐོན་པར་ཁག་ཐེག་བྱེད་ཀྱི་ཡོད།


     སན་པའོ་ཡིས་དགའ་སྤྲོས་ངང་ང་ཚོའི་སྦྲང་རྩི་ལོ་གཅིག་གི་ནང་ཐེངས་3ལ་ལེན་ཆོག་གི་ཡོད། མིག་སྔར། ཐེངས་2ལ་བླངས་ཟིན་པར་ཧ་ལམ་རྒྱ་མ་2000ལྷག་ཡོད། ལོ་སྨད་དུ་ད་དུང་ཐེངས་གཅིག་ལེན་རྒྱུ་ཡོད་པར་ཕལ་ཆེར་རྒྱ་མ་1000ལྷག་ཡོད་པ་དང་དེ་ལྟར་ལོ་གཅིག་གི་ཡོང་འབབ་སྒོར་ཁྲི་10ལྷག་ཟིན་གྱི་འདུག་ཅེས་བཤད།

 

      སྦྲང་གསོར་མ་འཇོག་ཆུང་བ་དང་། ཕན་འབྲས་ཐོན་མགྱོགས་པ། སྦགས་བཙོག་མེད་པ། ཁེ་ཕན་མཐོ་བ་བཅས་ཀྱི་ཁྱད་ཆོས་ལྡན། 2020ལོར་སན་པའོ་ཡིས་སྦྲང་གསོའི་མདུན་ལམ་མཐོང་ནས་སྦྲང་གསོའི་ལས་ལ་གཞོལ། ལོ་གཉིས་ལྷག་རིང་སན་པའོ་ཡིས་སེམས་ཤུགས་ཡོད་རྒུ་བཏོན་ནས་སྦྲང་གསོའི་ལག་རྩལ་བརྩོན་ཞིབ་བྱས་ཏེ་སྦྲང་གསོའི་གཞི་ཁྱོན་སྒམ་50ནས་168བར་མང་དུ་ཕྱིན་པས་ལས་གཏོད་ཕྱུག་འགྱུར་གྱི་ལམ་བུ་གསར་བ་ཞིག་བཏོད།

 


      ཕྱུག་པོར་གྱུར་ཡང་རྩ་བ་མི་བརྗེད། ཆུ་འཐུང་དུས་ཆུ་མགོ་མི་བརྗེད་ཅེས་པའི་དཔེ་ནང་བཞིན། སན་པའོ་ཡིས་སྦྲང་གསོའི་འབབ་འཕར་ལ་བརྟེན་ནས་ཕྱུག་པོར་གྱུར་རྗེས་ཉེ་འཁོར་གྱི་གྲོང་མིར་སྦྲང་གསོའི་ལག་རྩལ་རིན་མེད་ངང་ཁྲིད་སྟོན་བྱས་ནས་གྲོང་མི་དུད་ཚང་5སྦྲང་གསོའི་ལས་ཀ་གཉེར་བར་སྣེ་ཁྲིད་བྱས་ལ། མི་སྔར་བས་མང་བ་ཕྱུག་འགྱུར་གྱི་ལམ་བུར་བསྐྱོད་རྒྱུར་སྐུལ་ཁྲིད་བྱས། ཁོ་ཚོར་བདེ་སྐྱིད་ཀྱི་འཚོ་བ་བསྐྲུན་ཐུབ་པར། ང་ལ་ཤིན་ཏུ་གྲུབ་འབྲས་ཐོབ་པའི་སྣང་བ་འདུག་ཅེས་སན་པའོ་ཡིས་དེ་ལྟར་བཤད་བྱུང་།

 

      ད་ལྟ། སན་པའོ་ཡི་སྐུལ་ཁྲིད་འོག་ཁྲོ་ཆུ་རྫོང་སྟི་རུ་ཡུལ་ཚོའི་སྦྲང་གསོའི་གཞི་ཁྱོན་མི་600ལྷག་ཟིན་པ་དང་ད་ལོ་སྦྲང་རྩི་རྒྱ་མ་4000ལྷག་འཚོལ་བསྡུ་ཐུབ་པར་སྔོན་དཔག་ལྟར་ན་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་30ལྷག་ཐོབ་རྒྱུ་རེད།


      མང་ཚོགས་ཀྱི་ཡོང་འབབ་ཇེ་མང་དུ་གཏོང་ཆེད། སྟི་རུ་ཡུལ་ཚོའི་ཏང་ཨུ་དང་སྲིད་གཞུང་གིས་ཧུར་ཐག་སྒོས་སྦྲང་གསོའི་ར་བ་འཛུགས་སྐྲུན་ཚད་ལྡན་དུ་བཏང་བ་དང་། ཁྱུ་ཚོགས་ཀྱི་གྲངས་འབོར་ཇེ་མང་། སྦྲང་རྩི་མང་དུ་གཏོང་བ་བཅས་བྱས་ནས་སྦྲང་གསོའི་ཐོན་ལས་གཞི་ཁྱོན་ཅན་དང་ཚད་ལྡན་ཅན་དུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། དེ་དང་ཆབས་ཅིག་ཀྲེ་ཅང་དང་། ཁྲེང་ཏུའུ། ཕེང་ཀྲོའུ། དེ་མིན་ཁུལ་ནང་ཁུལ་གྱི་ཚོང་དོན་ཁྲོམ་ར་རྒྱུན་ཆད་མེད་པར་གསར་འབྱེད་དང་། བྲིན་ཚོང་གི་ཐབས་ལམ་རྒྱ་སྐྱེད་བྱས་ནས་ཁྲོ་ཆུའི་སྦྲང་རྩིའི་སྐད་གྲགས་ཆོད་ཚད་དང་ཟུར་སྣོན་རིན་ཐང་ཆེ་རུ་བཏང་ནས་གྲོང་གསེབ་དར་རྒྱས་ལ་རོགས་འདེགས་བྱས་ཡོད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1