མཚོ་སྔོན་གྱི་ཞིང་ལས་སྐྱེ་དངོས་ཀྱི་རྒྱ་ཁྱོན་མུའུ་ཁྲི་5ལྷག་ཟིན་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 09-23



        གསར་འགོད་པར་མཚོ་སྔོན་ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་ཟླ་དགུ་པའི་ནང་མཚོ་སྔོན་ཞིང་ཆེན་གྱི་ཞིང་ལས་སྐྱེ་དངོས་མྱུར་བསྡུའི་འགག་རྩའི་དུས་མཚམས་སུ་སླེབས་པ་དང་།  རིམ་ཁག་ཞིང་ལས་གྲོང་གསེབ་སྡེ་ཁག་གིས་སྔ་ཙམ་ཇུས་འགོད་བཀོད་སྒྲིག་དང་ཞིང་ལས་ཐོན་སྐྱེད་རྒྱུ་ཆས་མཁོ་སྤྲོད་འགན་ལེན། དམངས་ཕན་སྲིད་ཇུས་དོན་འཁྱོལ། ཚན་རྩལ་ཞབས་ཞུ་ལེགས་སྒྲུབ། ནད་ཡམས་ཀྱི་ཤུགས་རྐྱེན་ཁྱད་བསད། གནམ་གཤིས་ལེགས་པའི་དུས་ཚོད་དམ་འཛིན་བཅས་བྱས་པ་བརྒྱུད། སྟོན་བསྡུ་སྟོན་འདེབས་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་ནས་སྟོན་བསྡུར་རྒྱལ་ཁ་ཐོབ་པ་དང་འབྲུ་རིགས་ཐོན་འབབ་ཡག་པོ་ཡོང་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།


  


        ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་ས་ཁོངས་དབྱེ་ནས་བལྟས་ན། མཚོ་སྔོན་ཞིང་ཆེན་གྱི་ཁྲོན་ཆུ་ས་ཁུལ་དུ་སྟོན་བསྡུ་ཁྱོན་ཡོངས་ནས་མཇུག་འགྲིལ་ཞིང་། རི་འབུར་ཁུལ་དུ་མཇུག་འགྲིལ་ཉེར་ཡོད་ལ་རི་མ་ཐང་ཁུལ་དུ་སྟོན་བསྡུ་ཛ་དྲག་པའི་དུས་ལ་སླེབས་ཡོད། ཐོན་རྫས་ཀྱི་སྣ་རིགས་ནས་བལྟས་ཚེ་དཔྱིད་གྲོ་དང་སྲན་མ་སྤྱིར་ན་མཇུག་འགྲིལ་བ་དང་། སྔོ་ཚལ་དང་ནས། རྒྱ་སྲན། པད་ཁ་བཅས་བརྔ་བསྡུ་བྱེད་བཞིན་པ་མ་ཟད། ཞོག་ཁོག་དང་མ་རྨོས་ལོ་ཏོག་ཟླ་10པའི་ཟླ་སྟོད་དུ་ཁྱོན་ཡོངས་ནས་བརྔ་བསྡུ་བྱ་རྒྱུ་ཕུད། གཞན་ཡང་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྟོན་བསྡུ་དེ་ཟླ་10པའི་ཟླ་དཀྱིལ་དང་ཟླ་སྨད་དུ་ཁྱོན་ཡོངས་ནས་མཇུག་འགྲིལ་རྒྱུ་ཡིན་པ་རེད།

 


        སྤྱི་ཟླ་9ཚེས་19ཉིན་བར་མཚོ་སྔོན་ཞིང་ཆེན་གྱི་ཞིང་ལས་སྐྱེ་དངོས་ཐོན་འབབ་ཀྱི་རྒྱ་ཁྱོན་ལ་མུའུ་ཁྲི་526.12ཟིན་པ་དེས་སྤྱིའི་འདེབས་འཛུགས་ལས་འགན་གྱི་བརྒྱ་ཆ་60.8བཟུང་བ་དང་། དེའི་ནང་འབྲུ་རིགས་སྐྱེ་དངོས་ཀྱི་མུའུ་ཁྲི་307.39དང་། སྣུམ་རྒྱུ་མུའུ་ཁྲི་157.08 སྔོ་ཚལ་མུའུ་ཁྲི་38.98 སྐྱེ་དངོས་གཞན་དག་མུའུ་ཁྲི་22.68བཅས་ཟིན་ཡོད་ཅིང་། བསྐྱར་འདེབས་རྒྱ་ཁྱོན་མུའུ་ཁྲི་16.83ཟིན་པ་དང་། དགུན་གྲོ་མུའུ་ཁྲི་3.91དང་དགུན་དུས་པད་ཁ་མུའུ་ཁྲི་0.73ཟིན་ཡོད།


  


        དུས་མཚམས་རྗེས་མར་མཚོ་སྔོན་ཞིང་ཆེན་གྱི་ཞིང་ལས་གྲོང་གསེབ་ཁོངས་གཏོགས་ཀྱི་འབྲེལ་ཡོད་བྱ་སྤྱོད་དང་ཟུང་དུ་འབྲེལ་ནས་རིམ་ཁག་ཞིང་ལས་གྲོང་གསེབ་སྡེ་ཁག་གིས་སྟོན་བསྡུའི་མྱུར་ཚད་མགྱོགས་སུ་གཏོང་བ་དང་། སྟོན་དགུན་གྱི་འདེབས་ཁྱོན་དོན་འཁྱོལ་དང་སྟོན་དགུན་གྱི་སྔོ་ཚལ་ཐོན་སྐྱེད་ཡག་པོ་ཡོང་བ་བྱེད་པ། ས་བོན་བསྡུ་ཉར་དང་འབྲུ་རིགས་ཉོ་སྒྲུབ་ཡག་པོ་བྱེད་པ། ནུས་ཤུགས་ཡོད་རྒུས་འབྲུ་རིགས་བརྟན་པོ་དང་མཁོ་སྤྲོད་འགན་ལེན་བྱེད་པ་དང་བྱེད་ཐབས་སྣ་ཚོགས་མཉམ་དུ་བཟུང་ནས་འབྲུ་རིགས་ཀྱི་བདེ་འཇགས་ལ་འགན་ལེན་བྱེད་པ་བཅས་བྱ་རྒྱུ་ཡིན་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1