༄༅།།གེ་སར་རྒྱལ་པོའི་འགྱོག་རྡོ།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཁམས་པའི་རིག་གནས་དྲ་བ་ལས་དྲངས། སྤེལ་དུས། 09-23


  དེ་ཡང་རྨ་ལྷོ་ཁུལ་ཧུ་ནན་སོག་རིགས་རང་སྐྱོང་རྫོང་གི་མདུན་ཕྱོགས་ཀྱི་རྩྭ་ཐང་ཡངས་པ་དགུང་སྔོན་ས་ལ་འཕོས་འདྲ་དེ་བརྒྱུད་ནས་འགག་སྒོ་བཙན་པོ་སྟག་སེང་ཁ་འཕྲོད་པ་ལྟ་བུའི་འཕྲང་ལམ་ཞིག་ཡོད་པ་བརྒལ་ཏེ་ཕར་ལྷོ་ནུབ་གཉིས་ཀྱི་མཚམས་སུ་སྤྱི་ལེ་བཅུ་ལྷག་ཙམ་སོང་ཙ་ན། ཡངས་ཤིང་རྒྱ་ཆེ་བའི་ལུང་བ་འཛོམས་པོ་ཞིག་ཡོད་ཅིང༌། ལུང་བའི་ནང་དུ་རྟ་ནོར་ལུག་གསུམ་སོགས་རྐང་བཞི་ཕྱུགས་ཀྱིས་ཁེངས་འདུག་ལ། འབྲོག་པའི་སྦྲ་གུར་ཀྱང་གསུམ་བཞི་རེ་བྱས་ནས་རང་རང་ས་རུ་གནས་པ་ལྷང་ངེར་མངོན་འདུག ངེད་ཅག་ལམ་སྟོན་པས་ཁྲིད་ནས་ལུང་བ་དེའི་གཡས་ཕྱོགས་ཀྱི་ལུང་བ་ཞིག་གི་ནང་དུ་སོང་བ་ན། འཛམ་གླིང་གེ་སར་རྒྱལ་པོའི་འགྱོག་རྡོ་ཡིན་ཟེར་བའི་རྡོ་ཆེ་ཆུང་ན་ལུག་རོ་ཙམ་ཡོད་པ་ཞིག་མིག་གི་སྤྱོད་ཡུལ་དུ་གྱུར།རྡོ་དེ་ནི་རྡོ་གཞན་དང་མི་མཚུངས་པར་སྟེང་དུ་ལག་པས་བཟུང་བའི་ཤུལ་ཡོད་པར་མ་ཟད། སྣུམ་རིམ་པ་ཞིག་ཀྱང་ཆགས་འདུག རྡོའི་དབྱིབས་ནི་གོར་ཞིང་ཟླུམ་ལ་དེའི་མཐའ་སྐོར་དུ་རྡོ་དེ་དང་མཚུངས་པའི་རྡོ་ཞིག་མིག་ཟུང་གདངས་ནས་ཞིབ་ཏུ་བཙལ་ཡང་གཅིག་ཀྱང་མཐོང་རྒྱུ་མི་འདུག་གོ། ཡུལ་ཁམས་དེའི་མི་རྣམས་ཀྱིས་བཤད་པ་ལྟར་ན། སངས་རྒྱས་སྟོང་གི་ཐུགས་སྲས། ཨོ་རྒྱན་པད་མའི་རྣམ་སྤྲུལ་སྐྱེས་མཆོག་ནོར་བུ་དགྲ་འདུལ་ཁོང་ཉིད་སྐུ་ན་ཕྲ་བའི་དུས་སུ། མ་རུངས་ཕྱོགས་བཞིའི་དགྲ་བཞི་དང་བཅས་པ་མ་ལུས་རྡུལ་དུ་རླག་པའི་ཆེད་དུ་ཉིན་རེར་ནངས་སྔ་ལངས་དང་དགོང་འཕྱི་ཉལ་མཛད་དེ་རྡོ་དེ་ཡར་འགྱོག་མར་འཇོག་གིས་ལུས་ཀྱི་རྩལ་སྦྱོང་བ་ལ་འབད་འབུངས་ལྷོད་མེད་མཛད་པའི་རྐྱེན་གྱིས་གེ་སར་རྒྱལ་པོར་ལུས་ཀྱི་རྩལ་ཤུགས་རབ་ཏུ་རྫོགས་ཏེ་ཕྱག་གཅིག་གིས་ཕོ་གསར་བཅུ་ལྷག་ཅིག་འགྱོག་ཐེངས་གཅིག་ལ་འདེགས་ཐུབ་ཅེས་བརྗོད་པ་དང། དེར་མ་ཟད་གླིང་རྗེ་གེ་སར་མཆོག་གིས་གླིང་ལྷ་སྡེ་དཀར་པོའི་དཔའ་རྟུལ་རྣམས་མཉམ་གཅིག་ཏུ་བསྡུ་ཏེ་ཐོག་མར་ཁོང་གིས་ཚང་མའི་མདུན་དུ་ལུས་རྩལ་བཟང་ངན་གྱི་འཁྲབ་སྟོན་མཛད་དེ། དཔའ་རྟུལ་རྣམས་ལ་དགྲ་འདུལ་ན་ལུས་རྩལ་དགོས་པའི་བཀའ་ཕབ་པ་དང༌། དུས་མཚུངས་སུ་ཐམས་ཅད་ལ་ཁོང་གི་འགྱོག་རྡོ་ཡར་འདེགས་སུ་བཅུག་པའི་ཚེ། ཡར་འདེགས་ཐུབ་པའི་སྐྱེས་བུ་གཅིག་ཀྱང་མ་བྱུང་ལ། སྐབས་དེ་ནས་བཟུང་ལུས་རྩལ་སྦྱང་བའི་གོམས་སྲོལ་ཆགས་པ་ལགས་ཞེས་བཤད་པ་དང་། ཡང་སྐོར་ཞིག་གི་བཤད་ཚུལ་ལ། གོར་ཞིང་ཟླུམ་པའི་རྡོ་དེ་ནི་གེ་སར་རྒྱལ་པོའི་ཕྱག་རྡོ་ཡིན་ཟེར། ཅིའི་ཕྱིར་ཞེ་ན། དེ་ཡང་གནའ་སྔ་མོ་ཞིག་ལ་ཡུལ་ཁམས་འདི་རུ་བདུད་མོ་སྣ་ལས་དུ་བ་སྤྲིན་ནག་འཕྱུར་འཕྱུར། ཁ་ནས་མེ་ལྕེ་གློག་འོད་འཁྱུག་འཁྱུག སེམས་ཅན་མ་ལུས་ཀྱི་སྙིང་ཁྲག་ཁོལ་མ་འཐུང་བར་རྔམ་སེམས་ཆེ་བ་ཞིག་སྐྱེས་པའི་མོད་ལ། སྐྱེས་མཆོག་ནོར་བུ་དགྲ་འདུལ་ཉིད་ཀྱིས་མ་རུངས་བདུད་མོ་དེས་སེམས་ཅན་ཐམས་ཅད་ལ་གནོད་པ་སྐྱེལ་བཞིན་པ་རྣམ་པར་མཁྱེན་ཏེ།འགྱངས་པར་རྨོག་དཀར་དབུ་ལ་མནབས། གོ་ཁྲབ་སྐུ་ལ་གྱོན། འཁོར་གསུམ་སྐེད་ལ་བཏགས། འདོ་བ་རྐྱང་རྒོད་གཡེར་བ་ལ་བཅིབས་ཏེ་བྲག་དཀར་རྫོང་ཞེས་པའི་ཡུལ་ཁམས་དེར་བསླེབས་ནས་འཇིགས་སུ་རུང་བའི་བདུད་མོ་དེ་སྐད་ཅིག་ཉིད་ལ་ལ་བདའ་དང་ལུང་བདའ་མཛད་དེ། དེང་སང་བྲག་རྒྱ་སྒོ་ཟེར་བའི་ཡུལ་དེར་བསླེབས་པའི་དུས། གླིང་རྗེ་གེ་སར་མཆོག་གིས་རིངས་པ་རིངས་པར་རྭ་རྒོད་འཁྱིལ་བའི་གཞུ་རྒྱུད་དུ་ལྷ་མདའ་དུང་གཤོག་དཀར་མོ་བཞག་སྟེ་འཕངས་ཙ་ན། མདའ་མོས་བདུད་མོའི་བརླ་རྐང་གཡོན་པ་བཅད་རྗེས་བྲག་རྒྱུད་རིང་མོ་དེའི་ཁ་ཤ་ཕུད་དེ་ཕྱིར་འཕུར་ཡོང༌། ཡིན་ནའང་བདུད་མོ་དེར་ལྕགས་སྲོག་ཐོགས་ཡོད་པའི་དབང་གིས་བརླ་རྐང་ཆད་ཀྱང་གནོད་འགལ་མེད་པར་བྲོས་ཤིང་ལ་དགུ་དང་ལུང་དགུ་བརྒྱུད་ནས་ལུང་བ་ཡངས་ཤིང་རྒྱ་ཆེ་བ་ཞིག་ཡོད་པ་དེར་བསླེབས་ནས་ཅུང་ཟད་ངལ་གསོ་ཞིག་བྱ་བསམ་པའི་དུས་དེར། གླིང་རྗེ་གེ་སར་རྒྱལ་པོ་ཁོང་ཉིད་བྱ་འཕུར་བ་བཞིན་བདུད་མོའི་རྗེས་བདས་ཏེ་ཆོད་པས་འཕྲལ་དུ་ཐང་ནས་རྡོ་ལུག་རོ་ཙམ་ཞིག་ཡོད་པ་དེ་ཕྱག་ཏུ་འཆང་ནས་བདུད་མོའི་མགོར་གཟས་ཏེ་བརྒྱབ་པ་ན། མ་རུངས་བདུད་མོའི་ངག་ལས་ངུ་སྒྲ་གནམ་ས་འགེངས་པ་ཞིག་ཤོར་ནས་དེ་མ་ཐག་སར་འགྱེལ་ཏེ་དབུགས་རྒྱུན་ཆད་སོང་ཞེས་ཟེར་རོ། ། གང་ལྟར་ཀྱང་ས་དེ་གའི་མི་ཚང་མས་འགྱོག་རྡོ་དེ་མཐོང་ཚེ་མགོ་ཡི་ཞྭ་ཕུད་པ་དང་སྐོར་བ་ལན་གསུམ་རྒྱག་པ་ནི་གོམས་སྲོལ་དུ་གྱུར་ཡོད་ཅིང༌། ད་དུང་ས་དེ་གའི་ཕོ་གསར་རྣམས་འགྱོག་རྡོའི་གམ་དུ་མཉམ་འཛོམས་བྱས་པ་ན། འགྱོག་རྡོ་དེར་ཕུད་རྒྱག་བྱས་ནས་ཕོ་གསར་སུའི་ཤེད་ཤུགས་ཆེ་ཆུང་ལའང་འགྲན་བཞིན་མཆིས་སོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1