༄༅།།ས་ཆ་དེར་གོ་ཡུ་རྦད་དེ་བཙོང་མི་ཆོག་པ་བཟོས་འདུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 09-23



        2022ལོའི་ཟླ་9པའི་ཚེས10ཉིན། གཞས་པ་ཧྥུ་སུང་ཁའི་འབྲས་སྐྲན་རྐྱེན་གྱིས་སྟབས་མ་ལེགས་པར་གྲོངས་ཡོད་པ་དང་། གྲོངས་དུས་ལོ་36ཡིན་པ་རེད། ཧྥུ་སུང་གིས་དེ་སྔོན་རང་ཉིད་ཀྱི་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་རང་ཉིད་ལ་ཕོག་པའི་ཁའི་འབྲས་སྐྲན་དེ་གོ་ཡུ་སྟེ་རྒྱ་སྐད་དུ་པིང་ལང་ཞེས་པ་དེ་དང་འབྲེལ་བ་ཡོད་ཅེས་བསྟན་པ་དང་། ཚང་མར་ཚེ་སྲོག་ལ་གཅེས་སྤྲས་བྱས་ཏེ་གོ་ཡུ་བཟའ་མི་ཉན་པའི་རེ་འབོད་བྱས་ཡོད། དེར་བརྟེན། ལོ་36ལ་སླེབས་པའི་གཞས་པ་དེ་ལོ་6གོ་ཡུ་བཟས་པའི་རྐྱེན་གྱིས་ཁའི་འབྲས་སྐྲན་ཕོག་ནས་གྲོངས་པའི་གླེང་གཞི་དེ་ཡང་བར་སྐབས་ཤིག་རིང་པོད་འཕྲིན་ཐོག་འཚོལ་བཤེར་བྱེད་མང་ཤོས་ཀྱི་ཆ་འཕྲིན་ཞིག་ཏུ་གྱུར་ཡོད་པ་དང་། གླེང་ཕྱོགས་སུ་གོ་ཡུ་བཙོང་མི་ཆོག་པ་བཟོ་རྒྱུའི་སྐོར་གྱི་འབོད་སྒྲ་ཡང་བསྐྱར་དུ་བསྒྲགས་ཡོད།



        སྤྱི་ཟླ་9པའི་ཚེས་15ཉིན། ཀྲེ་ཅང་ཞིང་ཆེན་དབྱི་ཨུ་གྲོང་ཁྱེར་ཉན་སན་ལི་ཁྲོམ་གཞུང་གི་ཚོང་ཁང་ཞིག་གི་སྦྱིན་བདག་སྐུ་ཞབས་ཞུས་ལགས་ཀྱིས་ཧུང་ཤིང་གསར་འགྱུར་ཁང་གི་གསར་འགོད་པར། ས་གནས་དེ་གའི་ཟས་རིགས་བདེ་འཇགས་ལྟ་སྐུལ་དོ་དམ་ཚན་པས་ཚོང་ཁང་ཁག་ལ་གོ་ཡུ་ཚང་མ་བཙོང་མི་ཆོག་པའི་བླང་བྱ་བཏོན་ཡོད་ཅེས་བཤད་འདུག


        སྐུ་ཞབས་ཞུས་ལགས་ཀྱིས། གྲོང་ཁྱེར་ལྟ་སྐུལ་དོ་དམ་ཅུས་ཀྱིས་སྤྱི་ཟླ་9པའི་ཚེས་15ཉིན་གྱི་ཕྲི་དྲོ་སྐད་འཕྲིན་ཚོགས་པའི་ནང་ཚོང་ཁང་ནང་འཚོང་བཞིན་པའི་གོ་ཡུ་ཚང་མ་བཙོང་མི་ཆོག་ཅེས་པའི་བརྡ་ཐོ་ཞིག་བཏང་སོང་། ཉིན་དེར་ངས་གོ་ཡུ་བརྒྱུད་འཚོང་ཚོང་པའི་ས་ནས་དངོས་ཟོག་ཁག་ཅིག་འཐེན་ཙམ་ཡིན། ཕྱི་དྲོ་གོ་ཡུ་འཚོང་མཚམས་འཇོག་དགོས་པའི་བརྡ་ཐོ་འབྱོར་བྱུང་བས། གནས་སྐབས་རིང་ཚོང་ཁང་ནང་གི་གོ་ཡུ་དེ་དག་ཐག་གཅོད་གང་འདྲ་བྱེད་དགོས་མིན་ཤེས་མ་བྱུང་ཞེས་བཤད་ཡོད།


        སྐུ་ཞབས་ཞུས་ལགས་ཀྱིས། གཞས་པ་ཧྥུ་སུང་ཁའི་འབྲས་སྐྲན་རྐྱེན་གྱིས་གྲོངས་པའི་གནས་ཚུལ་དེས་རྐྱེན་པས། ཉེ་དུས་ཚོང་ཁང་ནང་དུ་གོ་ཡུ་ཉོ་བར་ཡོང་མཁན་གྱི་སྐུ་མགྲོན་དུས་རྒྱུན་དང་བསྡུར་ན་ཏོག་ཙམ་ཉུང་དུ་ཕྱིན་སོང་། ནམ་རྒྱུན་ང་ཚོའི་ས་ཆ་འདིར་གོ་ཡུ་ཉོ་མཁན་མང་ཆེ་བ་ནི་ཐ་མག་འཐེན་རྒྱུར་དགའ་བའི་གཞོན་སྐྱེས་ཤ་སྟག་རེད། ཚང་མས་གསར་འགྱུར་དེ་མཐོང་རྗེས་སེམས་ཁྲལ་ཏོག་ཙམ་ལངས་བཟོ་འདུག་ཅེས་ཟུར་གསལ་བྱས་འདུག


  


        སྤྱི་ཟླ་9པའི་ཚེས་19ཉིན་གྱི་ཕྱི་དྲོ། སྐད་གྲགས་ཡོད་པའི་གོ་ཡུའི་ཚོང་རྟགས་ག་གེ་མོས་དབྱི་ཨུ་གྲོང་ཁྱེར་གྱི་བརྒྱུད་འཚོང་ཁང་དུ་ཧུང་ཤིང་གསར་འགྱུར་ཁང་གི་གསར་འགོད་པར། ཉིན་ཁ་ཤས་གོང་ཚོང་ཁང་མང་པོ་ཞིག་གིས་ང་ཚོར་གོ་ཡུ་འཚོང་མཚམས་འཇོག་པའི་སྐོར་གྱི་གནས་ཚུལ་འདྲི་ཡི་འདུག ཡིན་ནའང་ང་ཚོར་འབྲེལ་ཡོད་ལས་ཁུངས་ཀྱི་གོང་གསལ་བརྡ་ཐོ་འབྱོར་མ་སོང་། སྤྱི་ཟླ་9པའི་ཚེས་14ཉིན་ཀུང་སིས་ཚོང་ཟོག་འཐེན་རྒྱུ་གནས་སྐབས་མཚམས་འཇོག་བྱེད་དགོས་ཞེས་བཤད་སོང་། འོན་ཀྱང་གནས་ཚུལ་ཚབས་ལྗིད་པོ་འདི་འདྲ་ཡོད་པ་བསམས་མ་བྱུང་། ཡིན་ནའང་གལ་སྲིད་ཚོང་ཁང་ལ་གོ་ཡུ་འཚོང་མ་ཐུབ་པ་ཡོད་ན་ང་ཚོས་ཁོང་ཚོའི་ས་ནས་ཚོང་ཟོག་ཚུར་བསྡུ་སྲིད་ཅེས་བཤད་འདུག 


        དོན་དེར། དབྱི་ཨུ་གྲོང་ཁྱེར་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱི་ལས་དོན་མི་སྣས་ཧུང་ཤིང་གསར་འགྱུར་ཁང་གི་གསར་འགོད་པར་གོང་གསལ་བརྡ་ཐོ་དེ་ངོ་མ་ཡིན་པ་གཏན་འཁེལ་བྱས་ཡོད། ལས་དོན་མི་སྣ་དེས། ཉེ་དུས་གོང་རིམ་འབྲེལ་ཡོད་ལས་ཁུངས་ཀྱིས་ཀྲེ་ཅང་ཞིང་ཆེན་ནང་ཁོངས་ཀྱི་ཟས་རིགས་ཚོང་གཉེར་བྱེད་མཁན་ཚོས་ཟས་རིགས་ཀྱི་ཐུམ་སྒྲིལ་རྒྱག་པ་དང་ཤོག་བྱང་དང་མཚོན་རྟགས་བཀོད་པའི་གོ་ཡུའི་ཐོན་རྫས་ཕྱིར་འཚོང་བྱེད་མི་ཆོག་པའི་བླང་བྱ་བཏོན་ཡོད་ཅེས་བཤད་ཡོད་པ་རེད།


        ལས་དོན་མི་སྣ་དེས། བརྡ་ཐོ་དེ་གཞི་རྩའི་ཆ་ནས་རྒྱུན་རིང་རང་བཞིན་ཡིན་པ་ལས། དུས་ཐུང་ནང་ཡིན་པ་བཤད་ཀྱི་མེད། གལ་ཏེ་རྗེས་སུ་ཚོང་ཁང་གིས་གོ་ཡུ་འཚོང་བའི་བྱ་སྤྱོད་ཡོད་ཚེ། འབྲེལ་ཡོད་ལས་ཁུངས་ཀྱིས་དོན་དེར་དམིགས་ནས་ཆད་པ་གཅོད་རྒྱུ་རེད། ད་ལྟ་ནི་སྔོན་ལ་ཚོང་ཁང་གིས་གོ་ཡུ་ཚོང་སྒྲོམ་ཐོག་ནས་མར་འབེབས་རྒྱུར་ཁྲིད་སྟོན་བྱེད་པ་ཞིག་རེད་ཅེས་བཤད་ཡོད་པ་རེད།


        ཀྲེ་ཅང་གྲོང་ཁྱེར་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱི་ལས་དོན་མི་སྣས་ཧུང་ཤིང་གསར་འགྱུར་ཁང་གི་གསར་འགོད་པར། ཀྲེ་ཅང་ཞིང་ཆེན་གྱིས་ད་ལོའི་སྤྱི་ཟླ་9པའི་ཟླ་འགོ་ནས་བཟུང་འབྲེལ་ཡོད་ཀྱི་བརྡ་ཐོ་བཏང་ཡོད་པ་དང་། གོ་ཡུ་དེ་ཉིད་ཟས་རིགས་སུ་རྩིས་ནས་འཚོང་མི་ཆོག་པ་བཟོས་ཡོད་ཅེས་བསྟན་ཡོད།


        ལས་དོན་མི་སྣ་དེས་ངོ་སྤྲོད་བྱས་པར་གཞིགས་ན། 2020ལོའི་དཔར་མ་གསར་ཤོས་ཀྱི་《ཟས་རིགས་ཐོན་སྐྱེད་ཆོག་འཐུས་ཀྱི་རིགས་འབྱེད་དཀར་ཆག》ནང་ཟས་སྤྱོད་གོ་ཡུའི་རིགས་མེད་པ་བཟོས་ཡོད་པས། གོ་ཡུ་དེ་ཉིད་ཟས་རིགས་ཡིན་པའི་ངོས་ནས་བདེ་འཇགས་ཐོན་སྐྱེད་ཆོག་འཐུས་དང་ལྟ་སྐུལ་དོ་དམ་བྱེད་པར་གཞི་འཛིན་ས་མེད་པ་ཆགས་ཡོད་པ་རེད།


        ཧུང་ཤིང་གསར་འགྱུར་ཁང་གི་གསར་འགོད་པས་གསེད་དཀྲོལ་བྱེད་སྐབས། ཉེ་བའི་ལོའི་ནང་རང་རྒྱལ་གྱི་གོ་ཡུར་ལྟ་སྐུལ་དོ་དམ་བྱེད་པའི་སྲིད་ཇུས་ལ་རིམ་བཞིན་སྐུལ་འདེད་གཏོང་བཞིན་ཡོད་པ་མ་ཟད་དོ་ནན་དུ་གཏོང་བཞིན་ཡོད་པ་ཤེས་རྟོགས་བྱུང་ཡོད།


        ཡོངས་བསྒྲགས་དཔྱད་ཡིག་ལས་མངོན་པར་གཞིགས་ན། 2017ལོར། དེ་སྔའི་རྒྱལ་ཁབ་ཟས་རིགས་སྨན་རྫས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས་གོ་ཡུ་དེ་ཉིད་རིམ་པ་དང་པོའི་འབྲས་སྐྲན་བཟོས་པའི་དངོས་པོའི་ཁོངས་སུ་བཅུག་ཡོད། 2019ལོར། ཧུའུ་ནན་ཞིང་ཆེན་གོ་ཡུའི་ཟས་རིགས་ལས་རིགས་མཐུན་ཚོགས་ཀྱིས་ཧུའུ་ནན་གྱི་གོ་ཡུ་ཐོན་སྐྱེད་བྱེད་མཁན་ཁེ་ལས་ཚང་མས་ལོ་དེའི་སྤྱི་ཟླ་3པའི་ཚེས་7ཉིན་ནས་བཟུང་རྒྱལ་ནང་གི་གོ་ཡུའི་སྐོར་གྱི་མཚམས་སྦྱོར་བརྡ་ཁྱབ་དང་དྲིལ་བསྒྲགས་བྱེད་མཚམས་འཇོག་ཏུ་བཅུག་ཡོད། 2020ལོར།  དཔར་མ་གསར་ཤོས་ཀྱི་《ཟས་རིགས་ཐོན་སྐྱེད་ཆོག་འཐུས་ཀྱི་རིགས་འབྱེད་དཀར་ཆག》ནང་ཟས་སྤྱོད་གོ་ཡུའི་རིགས་མེད་པ་བཟོས་ཡོད། 2021ལོའི་ཟླ་9པའི་ཚེས་17ཉིན། རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་གཞུང་ལས་ཐིང་གིས་བརྡ་ཐོ་བཏང་ནས། དེ་ཉིན་ནས་བཟུང་། རླུང་འཕྲིན་བརྙན་འཕྲིན་དང་དྲ་རྒྱའི་ལེ་ཚན་བེད་སྤྱད་ནས་གོ་ཡུ་དང་དེ་འབྲེལ་ཐོན་རྫས་དྲིལ་བསྒྲགས་དང་འགྲེམ་འཚོང་བྱེད་མཚམས་འཇོག་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1