༄༅།།ལོ་ངོ་ཉི་ཤུའི་སྔོན་གྱི་སློབ་གྲོགས་དག་ལ་བྲིས་པ།

སྐྱབས་ཆེན་བདེ་གྲོལ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 09-23




 ངེད་ཅག་ཐོལ་བྱུང་གི་དྲན་གདུང་དག་ལ་འགྲོགས་ཏེ་ཡུན་རིང་འགོར

 ས་སྲོད་ལ་ཉེ་བའི་དུས་སུ་སེམས་པ་ནི་རྒྱ་གླིང་ཆག་པོ་ཞིག་དང་འདྲ

 རྫ་རིའི་གྲིབ་མར་ཁ་གཏད་དེ་གཞས་གཏོང་དུས་མགྲིན་པ་བརྣངས་པར་གྱུར

 ངེད་ཅག་མཉམ་འཛོམས་ཀྱི་གསོལ་སྟོན་ལ་མ་ཞུགས་གོང་ནས་ལག་གདང་འཐོར

 འབྲི་དེབ་སྟོང་པ་དེ་མིག་ཆུ་དང་ཆིག་ལབ་ཀྱིས་བཀང

 ཁང་མིག་གྲུ་བཞི་མའི་སྒེའུ་ཁུང་ལས་མགོ་བོ་ཕྱི་ལ་བསྲིངས་ཀྱང

 བོར་ཟིན་པའི་ལང་ཚོ་ནི་མཐོང་ས་ན་མི་འདུག་མཐོང་ས་ན་མི་འདུག

 ཡིན་ཡང་ངེད་ཅག་འབད་པ་བྱེད་ཁུལ་གྱིས་མདུན་དུ་འགྲོ་བཞིན་ཡོད

 གོམ་པ་རེ་རེ་རྩྭ་དང་རྩི་ཏོག་གི་གསེབ་ཏུ་ཁྲག་ཐིགས་བཞིན་འཐོར

 གདོང་ལ་དཀར་དམར་བྱུགས་ནས་གར་སྟེགས་སུ་བུད་ཚེ

 ངེད་ཚོའི་ཕྲུ་གུ་དག་གིས་ངེད་ཅག་འཕྱ་བར་བྱེད

 ངེད་ཅག་གི་དྲན་པ་སྲེ་མོང་དང་བྱི་ལའི་གོམ་སྒྲས་ཕྲོགས

 ལོ་ངོ་ཉི་ཤུ་ནི་ཇི་ལྟར་འདས་སོང་ངམ

 ཅུང་ཟད་ཁ་སྐྱེངས་བཞིན་ཕན་ཚུན་ལ་དེ་ལྟར་དྲིས་པ་ན

 རྐང་རྩེད་སྤོ་ལོ་འདེད་བཞིན་པའི་བཀྲ་ཤིས་ཀྱིས

 “རྩལ་སྦྱོང་ར་བ་ནས་དུས་བཏབ་ནས་ཕྱིར་ལོག་དུས

 སློབ་ཁང་ཟེར་བའི་རྩེད་ར་དེའི་ནང་ན་སྙན་ངག་ཟེར་བའི་རྩེད་རྡོ་ཡོད

 དབྱངས་ཅན་མའི་ནུ་མ་གཉིས་ཀ་ནམ་མཁའི་སྤྲིན་བཞིན་གཡོ་བའང་ཡོད

 སྐད་མཐོན་པོས་བརྩེ་གཞས་གཏོང་རེས་བྱེད་དུས

 སྒེའུ་ཁུང་ཕྱི་རོལ་ནས་དབྱར་དགུན་སྟོན་དཔྱིད་དག་ནི་མགལ་མེ་བཞིན་འཁོར

 གང་ལྟར་ངས་ཆུང་འདྲིས་བྱམས་པར་མིག་ཟུར་ཙམ་འཕེན་པའི་བར་ནས

 ལོ་ངོ་མང་པོ་འགོར་སོང་ལོ་ངོ་མང་པོ་འགོར་སོང”ཟེར

 ཁ་བའི་འདབ་མ་གཅིག་གམ་མེ་ཏོག་གི་ཟེའུ་འབྲུ་གཅིག་ཀྱང་མ་མཐོང་བར

 ངེད་ཅག་གི་སྐྲ་ལོའི་གསེང་གི་གོ་ལ་ཕྱེད་ཀ་དེའི ཕྱེད་ཀ་ནི་དཀར་པོར་གྱུར་འདུག

 ཡིན་ཡང་དེ་ནི་སྣང་བ་འཁྲུལ་སོང་བ་ཡིན་ཏེ་ངེད་ཅག་ད་རུང་སློབ་ཁང་དུ་ཡོད

 ངས་འགྲོལ་དཀའ་བའི་གྲངས་རིག་གི་རྩིས་ཕྲེང་ཞིག་དང

 སྙན་ངག་འབྲི་དེབ་ལས་གཤགས་པའི་ཤོག་བུ་དཀར་པོ་ཞིག་ཁྱེར་ཏེ

 ཁྱོད་ཚོས་ང་ལ་རོགས་པ་བྱེད་པར་བསྒུགས་ཡོད


 2020/2/4རྨ་ཆུ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1