ཞི་ཅིན་ཕིང་གིས་རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་སྐོར་གྱི་བགྲོ་གླེང་ཚོགས་འདུར་མཛུབ་སྟོན་གལ་ཆེན་གནང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 09-23



ཞི་ཅིན་ཕིང་གིས་རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་སྐོར་གྱི་བགྲོ་གླེང་ཚོགས་འདུར་མཛུབ་སྟོན་གལ་ཆེན་གནང་སྟེ། 

སྒྱུར་བཅོས་ཀྱི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ནན་ཏན་ངང་ཕྱོགས་སྡོམ་དང་བེད་སྤྱོད་བྱས་ཏེ་སྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བའི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས་པའི་ནན་བཤད་གནང་བ། 

        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་21ཉིན། རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་སྐོར་གྱི་བགྲོ་གླེང་ཚོགས་འདུ་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་ཞིང་། ཁོང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱིས་སྔར་ན་མེད་པའི་ཆོད་སེམས་དང་ཤུགས་ཚད་ཐོག་ནས་སྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་རྒྱུའི་འཐབ་ཇུས་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ལ་ཚོད་འཛིན་ཡུན་རིང་ཐེབས་པའི་སྒྲིག་སྲོལ་རང་བཞིན་གྱི་འགོག་རྐྱེན་དང་། གྲུབ་ཆའི་རང་བཞིན་གྱི་འགལ་ཟླ། སྲིད་ཇུས་རང་བཞིན་གྱི་གནད་དོན་བཅས་ཐག་གཅོད་གཏིང་ཟབ་བྱས་པའི་ཁར། རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་གཏིང་ཟབ་བྱས་པར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ནས་མི་དམངས་དམག་དཔུང་གི་སྒྲིག་སྲོལ་དང་། གྲུབ་ཆ། བཀོད་པ། རྣམ་པ་བཅས་གསར་རྐྱང་དུ་གྱུར་ཡོད། སླད་ཕྱིན་སྒྱུར་བཅོས་ཀྱི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ནན་ཏན་ངང་ཕྱོགས་སྡོམ་དང་བེད་སྤྱོད་དང་། དུས་བབ་གསར་པ་དང་ལས་འགན་གསར་པའི་བླང་བྱ་ཁོང་དུ་ཆུད་པ་བྱེད་པ། དམག་གྲབས་དང་དམག་འཐབ་ལ་དམ་པོར་དམིགས་པ། གསར་འབྱེད་དང་གསར་གཏོད་བྱེད་ཕོད་པ། སྔོན་གཏན་འཁེལ་བའི་སྒྱུར་བཅོས་ཀྱི་ལས་འགན་དོན་འཁྱོལ་ལ་དམ་འཛིན་ཏན་ཏིག་བྱེད་པ། རྗེས་མཐུད་ཀྱི་སྒྱུར་བཅོས་འཆར་འགོད་ལ་ཤུགས་སྣོན་རྒྱག་པ། སྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བའི་རྣམ་པ་གསར་པ་ཧུར་ཐག་གཏོད་པ་བཅས་བྱས་ཏེ། དམག་དཔུང་བཙུགས་ནས་ལོ་བརྒྱ་འཁོར་བའི་སྐབས་ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་ཆེད་སྒུལ་ཤུགས་ཆེན་པོ་མཁོ་འདོན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

        ཚོགས་འདུའི་ཐོག ཀྲུའུ་ཞི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་དང་སློབ་སྦྱོང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཞུས་ཆི་ལེང་གིས་རེས་སྐོར་འདིའི་རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་ལ་ཐོབ་པའི་གྲུབ་འབྲས་དང་ཉམས་མྱོང་གལ་ཆེན་ཕྱོགས་སྡོམ་གནང་བ་དང་འབྲེལ་རྗེས་མཐུད་ཀྱི་སྒྱུར་བཅོས་འཆར་འགོད་ལས་དོན་བཀོད་སྒྲིག་གནང་བ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཡིའུ་ཞ་ཡིས་སྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་རྒྱུའི་འཐབ་ཇུས་ལ་གོ་བ་གཏིང་ཟབ་ལོན་པར་བྱ་རྒྱུ་དང་སྒྱུར་བཅོས་ལ་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱ་རྒྱུར་དམིགས་ནས་བླང་བྱ་བཏོན་གནང་བ་རེད།

        ཚོགས་འདུའི་ཐོག་ཚན་པ་12ཀྱིས་ལས་ཀ་དངོས་དང་ཟུང་འབྲེལ་བྱས་ཏེ་རེས་སྐོར་འདིའི་རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་ཀྱི་འབྲེལ་ཡོད་གནས་ཚུལ་སྤེལ་རེས་བྱས་པ་དང་གཏམ་བཤད་སྤེལ་བ་རེད།

        ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་ལི་ཙོ་ཁྲེང་དང་། མེའོ་ཧྭ། ཀྲང་ཧྲེང་མིན་བཅས་དང་། དེ་བཞིན་དམག་ཨུད་ལས་ཁུངས་ཀྱི་སྡེ་ཚན་ཁག་དང་། དམག་ཨུད་མཉམ་འབྲེལ་བཀོད་འདོམས་ལྟེ་གནས། འཐབ་ཁུལ་ཁག དམག་རིགས་ཁག་གི་དཔུང་རིགས་ཁག དམག་དོན་ཚན་རིག་ཁང་། རྒྱལ་སྲུང་སློབ་ཆེན། རྒྱལ་སྲུང་ཚན་རྩལ་སློབ་ཆེན། དྲག་ཆས་ཉེན་རྟོག་དཔུང་སྡེ་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་སོགས་ཚོགས་འདུར་ཞུགས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1