༄༅།།ཏྲེ་ཤོད་གུར་མགོན་ལྷ་ཁང་ཐོག་མ་ཇི་ལྟ་བྱུང་བའི་སྐོར།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 09-26


   ཏྲེ་ཤད་གུར་མགོན་ལྷ་ཁང་ནི་དཀར་མཛེས་རྫོང་གི་ཡུལ་མི་རྣམས་ཀྱིས་དུས་རྟག་ཏུ་མཆོད་པ་དང་སྐྱབས་འཇུག་ཞུ་ས་ཡིན། ཁོ་ནི་དཀར་མཛེས་རྫོང་གི་ལྟེ་གནས་ས་ཆ་ཡིན་པ་མ་ཟད། གྲོང་རྡལ་གྱི་དབུས་སྡེ་བར་གྲོང་ན་གནས་ཡོད་པའི་རྐྱེན་གྱི་ཉིན་གོང་དུ་སྐོར་ར་སྐོར་མཁན་སོགས་ཕོ་མོ་རྒན་གཞོན་ཞིག་དབྱེ་བ་མེད་པ་ཀུན་དུ་འདུས། དེ་བས་རྟེན་ཁྱད་པ་ཅན་འདི་ཉིད་ཐོག་མ་ཇི་ལྟ་བྱུང་བའི་ཚུལ་ལ་རགས་ཙམ་གླེང་བ་ནི་ངེས་དགོས། 

 སྒ་ཟླ་བ་ཚེ་རིང་གིས་རྩོམ་པའི་《སྐལ་བཟང་དགོན་པ་དང་སྤྲུལ་སྐུ་བློ་བཟང་མཆོག》ཅེས་པ་དང་《ཁམས་སྟོད་ལོ་རྒྱུས་ཐོར་བུ》སོགས་ལ་གཞི་བཟུང་ན་བོད་ས་འབྲུག་སྤྱི་ལོ་༡༢༦༩ལོ་རྒྱ་ནག་གོང་མ་ཧོར་སེ་ཆེན་རྒྱལ་པོས་འགྲོ་མགོན་ཆོས་རྒྱལ་འཕགས་པ་ལ་རྒྱལ་པོའི་དབུ་བླ་ཡི་ཆོ་ལོ་གནང་རྗེས་པེ་ཅིང་ནས་དབུས་གཙང་དུ་ཕེབས་པའི་ལམ་བར་དུ་ཁམས་སྒ་ཁོག་ལུང་པ་ཞེས་པའི་ཡུལ་དུ་ཆོས་འཆད་དབང་བསྐུར་མཛད་སྐབས་སྐྱ་སེར་ཕོ་མོ་མི་གྲགས་གཅིག་ཁྲི་ལྷག་འདུས། ཡུལ་འདི་ནས་དེའི་དུས་སུ་བཙུན་པ་ཞིག་གསར་དུ་བྱུང་བར་འགྲོ་མགོན་ཆོས་རྒྱལ་འཕགས་པས་ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་པས་མགོན་པོ་ཕྱག་བཞི་པའི་རྣམ་པར་འཛིན་མཁན་སྒ་ཨ་མྱེ་དམ་པ་དེ་ཡིན་ལ་ཁོང་ཉིད་སློབ་མ་བསྡུས་ཏེ་ས་སྐྱ་དགོན་དུ་ཕེབས་ནས་ལོ་གསུམ་གྱི་རིང་དུ་དམ་པའི་ཆོས་སྦྱོང་ནས་བཞུགས། རྗེས་སུ་དགེ་སློང་གི་སྡོམ་པ་ཞུས་ནས་སྒ་ཨ་མྱེ་དམ་པ་ཀུན་དགའ་གྲགས་པ་ཞེས་པའི་མཚན་གསོལ།དེ་ནས་འགྲོ་མགོན་ཆོས་རྒྱལ་འཕགས་པ་དང་མཉམ་དུ་རྒྱ་ནག་དུ་ཕེབས་པའི་ལམ་བར་དུ་དཀར་མཛེས་ཏྲེ་ཤད་མཎ་ཊལ་ཐང་ལ་སླེབས་ནས་ས་ཆ་འདི་ལ་མཐོང་བས་གནས་མཆོག་ཡིན་པ་མཁྱེན།པེ་ཅིན་དུ་འབྱོར་རྗེས་འགྲོ་མགོན་ཆོས་རྒྱལ་འཕགས་པས་གོང་མ་སེ་ཆེན་རྒྱལ་པོ་ལ་ཡུལ་གནས་མཆོག་པ་ཞིག་འདུག་ཞེས་ཡུལ་དེ་ལ་མགོན་ཁང་ཞིག་བཞེངས་ན་བཟང་ཞུ། གོང་མས་བློན་ཆེན་ཅིན་ཀྲིན་ཧོར་སྲས་དབང་དང་འགྲོ་མགོན་ཆོས་རྒྱལ་འཕགས་པའི་ཐུགས་སྲས་དེའི་སྐབས་བསྟུན་ནས་ཁམས་ཕྱོགས་སུ་སྙན་གྲགས་ཆེས་ཆེ་བས་སྒ་ཨ་མྱེ་དམ་པ་ཀུན་དགའ་གྲགས་པ་དཔོན་དམག་དང་མཉམ་དུ་ཁམས་ཕྱོགས་སུ་མགོན་ཁང་བཞེངས་པ་མངགས[དབང་ཆེན་ལྷ་མོས་བརྩམས།《དཀར་མཛེས་སྡེ་མགོན་པོ་ལྷ་ཁང་གི་བྱུང་རབས།》༢༠༠༩ལོའི་ཟླ་༡པའི་ཀྲུང་གོའི་བོད་ལྗོངས་གྱི་དུས་དེབ། ཤ ༦༢]།    ད་དུང་ཁོང་ཚོ་ལ་ཙན་དན་གྱི་གུར་མགོན་སོགས་ཀྱི་མཚོན་པའི་ནང་རྟེན་བྱིན་ཏེ་དྲེལ་དཀར་པོ་ཞིག་ལ་བཀལ་ནས་ས་ཆུ་རི་གྲོང་སོགས་ཀྱི་ཆགས་དབྱིབས་འདི་དང་འདི་འདྲ་ཞིག་ཏུ་ནང་རྟེན་འདི་དག་གཟུངས་བྱས་པའི་གུར་མགོན་གྱི་ལྷ་ཁང་གསར་བཞེངས་དགོས་པའི་བཀའ་མངགས་གནང་པ་མ་ཟད། ད་དུང་དྲེལ་དཀར་པོ་འདི་དཀར་མཛེས་ཏྲེ་ཤད་མཎ་ཊལ་ཐང་དེའི་བར་དུ་སོང་།ཉལ་བའི་ས་དེ་ལ་མགོན་པོ་བཞེངས་ཤིག་ཞེས་གསུངས་སོ།  གོང་དུ་བཤད་པའི་འགྲོ་མགོན་ཆོས་རྒྱལ་འཕགས་པས་སྒ་ཨ་མྱེ་དམ་པ་སོགས་ལ་བྱིན་པའི་ཙན་དན་གྱི་གུར་མགོན་འདི་ནི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་ནང་རྟེན་ཁྱད་པ་ཅན་ཞིག་ཡིན།“རྗེ་ས་པཎ་གྱིས་རང་ཉིན་དགོངས་པ་རྫོགས་ཁར་ཞལ་གདམས་ལྟར་ཧོར་སེ་ཆེན་རྒྱལ་པོའི་མཆོད་སྒྲོམ་ལས་ཙན་དན་གྱི་མགོན་སྐུ་སོགས་ཕྱིར་བླངས་ཏེ་འདི་ཉིན་ནང་རྟེན་བྱས་ཏེ་དགོན་ཁང་ཞིག་བཞེངས་ན་ཕྱིས་བསྟན་འགྲོ་ལ་ཕན་པའི་ཚུལ་རྣམས་གསུངས[ བེ་རི་འཇིགས་མེད་དབང་རྒྱལ་གྱིས་བརྩམས།《ཏྲེ་ཤད་གུར་མགོན་ལྷ་ཁང་གི་དཀར་ཆག་འདོད་འཇོ་ནོད་བུའི་བང་མཛོད》ཤ ༡༣]”། འདིའི་གསུངས་པ་ལྟ་ན་ཏྲེ་ཤད་གུར་མགོན་ལྷ་ཁང་གི་ནང་རྟེན་ཙན་དན་གྱི་གུར་མགོན་ནི་ས་སྐྱ་པ་དང་འབྲེལ་བ་ཟབ་པོ་ལྡན་པ་ནི་ང་ཚོའི་ངེས་པ་དུ་ཤེས་དགོས། དེའི་རྗེས་སུ་ནས་སྒ་ཨ་མྱེ་དམ་པ་ཞབས་འབྲིང་རྣམས་རིམ་གྱིས་ཁམས་ཤར་རྒྱུས་ནས་ས་ཆུ་རི་དབྱིངས་བཅས་ལ་བརྟག་སྟེ་ཕེབས་མཐར་ཏྲེ་ཤད་མཎ་ཌལ་ཐང་དུ་སླེབས་པ་ན་མཚོ་ཟངས་མཁར་འདྲ་བ་ཞིག་ཡོད་པ་དེ་ལ་དྲེལ་དཀར་པོ་དེས་རྔ་མ་བཅུག་ནས་ཉལ་བ་ཇི་ཙམ་བསླབས་ཀྱང་མ་ལངས་པས་ད་ཟོད་ས་དཔྱད་ལ་བལྟས་ཏེ་འགྲོ་མགོན་ཆོས་རྒྱལ་མཆོག་གི་ལུང་བསྟན་པའི་གནས་མཆོག་དེ་ཉིད་དུ་ངེས་ནས་མགོན་ཁང་གི་རྨང་གཞི་གཏིང་བར་མཛད།  ད་དུང་སྒ་ཨ་མྱེ་དམ་པས་ཡུལ་དེ་ཉིན་དུ་ཏྲེ་ཤད་གུར་མགོན་ལྷ་ཁང་བཞེངས་རྒྱུ་ཡི་གཙོ་འགན་བཞེངས་པ་དང་ཧོར་སྲས་དབང་གིས་སྦྱིན་བདག་མཛད་པ་གྲགས།དུས་ད་ལྟ་ཏྲེ་ཤད་གུར་མགོན་ལྷ་ཁང་གི་མདུན་གྱི་ར་བ་ནང་གཏམ་ཡ་མཚན་ཅན་འདིར་མཚོན་པའི་སྒ་ཨ་མྱེ་དམ་པ་དང་ཧོར་སྲས་དབང་།དྲེལ་དང་དེ་ཉལ་སའི་ཆུ་མིག་བཅས་ཀྱི་འདྲ་བརྙན་བཞེངས་འདུག  བཞི། ཏྲེ་ཤད་གུར་མགོན་ལྷ་ཁང་གི་མཛད་པ་པོ་སྒ་ཨ་མྱེ་དམ་པའི་ལོ་རྒྱུས་གནད་བསྡུས།  རྟེན་ཁྱད་པ་ཅན་འདི་ཉིན་ཐོག་མར་གསར་བཞེངས་མཛད་མཁན་སྒ་ཨ་མྱེ་དམ་པ་ནི་“རབ་བྱུང་བཞི་པའི་ནང་ཁམས་བྱང་རྒྱུད་སྐྱེ་རྒུ་མདོར་སྐུ་འཁྲུངས། ཁོང་ནི་གཙང་དུ་ཕེབས་ཏེ་ས་སྐྱའི་གདན་སར་མདོ་སྔགས་གཞུང་ཆེན་ཁག་ལ་ཐོས་བསམ་རྒྱ་ཆེར་བྱས། དེ་ནས་བལ་ཡུལ་ཕེབས་ཏེ་ལེགས་སྦྱར་སོགས་རིག་པའི་གནས་མཐའ་དག་ལ་མཁས་པར་སྦྱངས་ཤིང་ཆོས་ཚན་དུ་མ་བོད་སྐད་དུ་བསྒྱུར། སླར་ས་སྐྱར་ཕྱིར་ཕེབས་ཏེ་ས་སྐྱའི་གསེར་ཆོས་བཅུ་གསུམ་སོགས་མཐའ་ཡས་པ་མངའ་བརྙེས་པར་མཛད”[ བེ་རི་འཇིགས་མེད་དབང་རྒྱལ་གྱིས་བརྩམས།《ཏྲེ་ཤད་གུར་མགོན་ལྷ་ཁང་གི་དཀར་ཆག་འདོད་འཇོ་ནོད་བུའི་བང་མཛོད》ཤ ༡༧]།  སྒ་ཨ་མྱེ་དམ་པས་རང་གི་ཕ་ཡུལ་དུ་སྐྱེ་རྒུ་མདོར་སྐལ་བཟང་དགོན་པ་ཞེས་དཔལ་ལྡན་ས་སྐྱའི་ལུགས་བཟང་འཛིན་པའི་ཆོས་སྡེ་ཆེན་པོ་ཞིག་ཕྱག་བཏབ་ཅིང་མདོ་ཁམས་གཉིས་ཀའི་ཕྱོགས་སུ་ དཔལ་ས་སྐྱ་པའི་ཆོས་སྡེ་བཏབ་པའི་ཐོག་མ་ཡིན། དུས་ཕྱིས་ས་པཎ་རྣམས་ཧོར་རྒྱལ་པོའ་གདན་དྲངས་པའི་སྐབས་ས་གནས་འདི་ཉིན་ཕེབས་ལམ་དུ་འཁེལ་བས་དམ་པ་འདི་ཉིན་ཀྱིས་ཕེབས་བསུ་སྣེ་ལེན་དང་བཞུགས་ཞག  “སྐྱེལ་མ་སོགས་གྲ་རྒྱས་མཛད་པས་ཁུ་དབོན་གཉིས་ཀ་ཐུགས་མཉེས། འགྲོ་མགོན་ཆོས་རྒྱལ་འཕགས་པ་དབུས་ལམ་དུ་ཕྱིར་ཕེབས་སྐབས་སྒ་ཨ་མྱེ་དམ་པ་འདི་ཉིད་ཀྱིས་བསྐུལ་ཏེ་ས་སྐྱའི་སྐལ་བཟང་དགོན་དུ་མདོ་སྔགས་ཀྱི་བཀའ་ཆོས་དུ་མ་འཆད། ཆོས་ཞུ་བས་མི་ཁྲི་ཕྲག་བརྒལ་བ་འདུས་པས་དེ་ནས་བཟུང་དགོན་སྡེ་དེར་སྒ་ཁྲི་འདུ་སྐལ་བཟང་དགོན་ཞེས་ཡོངས་སུ་གྲགས་ཤིས”།[ བེ་རི་འཇིགས་མེད་དབང་རྒྱལ་གྱིས་བརྩམས།《ཏྲེ་ཤད་གུར་མགོན་ལྷ་ཁང་གི་དཀར་ཆག་འདོད་འཇོ་ནོད་བུའི་བང་མཛོད》ཤ ༡༧] དེ་སྐབས་སུ་འགྲོ་མགོན་ཆོས་རྒྱལ་འཕགས་ཀྱིས་བོད་ཡོངས་སུ་དབང་བསྒྱུས་བ་ནས་སྒ་ཨ་མྱེ་དམ་པ་འདི་ཉིད་ལ་སྒ་སྐྱེ་རྒུ་མདོ་ཡི་ཡུལ་འབྲོག་དགོན་གསུམ་གྱི་སྤྱི་ཁྱབ་དཔོན་ཐོབ་ཀྱི་གོ་གནས་སྤྲོད། དེ་ནས་སྒ་ཨ་མྱེས་དམ་པའི་གང་ས་གང་ཡུལ་ལ་ཆོས་སྡེ་རྒྱ་ཆེན་མཛད།    རྒྱ་ནག་ཏུ་སྔ་ཕྱིར་དགོན་པ་གཉིས་བཏབ་ཡོད་ཞེས་བཤད་སྲོལ་ལྡན། དམ་པ་འདི་ཉིད་ཀྱི་མཛད་རྗེས་ཆེས་ཁྱད་དུ་འཕགས་པའི་ནི་འགྲོ་མགོན་ཆོས་རྒྱལ་འཕགས་པའི་བཀའ་ལུང་ལྟར་ཁམས་པའི་ས་ཆ་ལ་ཏྲེ་ཤད་མཎ་ཌལ་ཐང་དུ་ཏྲེ་ཤད་གུར་མགོན་ལྷ་ཁང་རྟེན་དང་བརྟེན་པ་བཅས་པ་གསར་བཞེངས་མཛད་པ་དེ་ཡིན། མདོར་བསྡུས་ན་དམ་པ་འདི་ཉིད་དམ་པའི་ཆོས་ཀྱི་བཀའ་ལུང་མན་ངག་བདུད་རྩིའི་གྲུ་ཆར་རྒྱུན་མར་ཕབ་པས་ཁམས་པའི་ས་ཁུལ་སྐྱེ་འགྲོ་ཡོངས་ཀྱི་གཙུག་རྒྱན་དང་སྐྱབས་གནས་སུ་གྱུར། མཐར་དམ་པ་འདི་ཉིད་རྒྱ་ནག་རི་བོ་རྩེ་ལྔར་དགོངས་པ་ཆོས་དབྱིབས་སུ་བསྟིབས་པ། སྐྱེ་བོ་དག་སྣང་ཅན་མང་པོས་དུས་ཕྱིས་སུ་རི་བོ་རྩེ་ལྔ་ན་དངོས་སུ་མཇལ་བའི་ལོ་རྒྱུས་མང་ལ།“དེང་དུས་དམ་པ་འདི་ཉིད་སྐུ་རབས་ཕྲེང་བ་ཟམ་མ་ཆད་པ་དུ་བྱོན་པ་ལས་ད་ལྟའི་ཡང་སྲིད་རིན་པོ་ཆེ་རྫ་ཆུ་ཁར་སྐུ་བལྟམས་ཤིང་རྒྱ་ནག་གི་མཐོ་རིམ་སློབ་གྲྭ་ཐོན་རྗེ་ཡང་སྲིད་དུ་ངོས་འཛིན་བྱུང་ནས་དམ་པའི་ཆོས་ལ་གསན་བསམ་སློབ་གཉེན་གནང་བཞིན་ཡོད།[ བེ་རི་འཇིགས་མེད་དབང་རྒྱལ་གྱིས་བརྩམས།《ཏྲེ་ཤད་གུར་མགོན་ལྷ་ཁང་གི་དཀར་ཆག་འདོད་འཇོ་ནོད་བུའི་བང་མཛོད》ཤ ༡༩]མདོར་ན། དམ་པ་འདི་ཡི་གསན་བསམ་སྒོམ་པའི་ཡོན་ཏན་དང་།འཆད་རྩོད་རྩོམ་པའི་མཛད་པ། ལྷ་ཁང་དགོན་སྡེ་གསར་འདེབས་ཀྱི་མཛད་རྗེས་སོགས་ཆོས་སྲིད་བྱ་བ་སོགས་རྒྱ་ཆེ་མཛད། ཡང་ན་ཏྲེ་ཤད་གུར་མགོན་ལྷ་ཁང་ལེགས་གྲུབ་བྱས་པ་ནི་ལས་ཀྱི་འཁོལ་ལོའི་འཕྲིན་ལས་རྒྱ་མཚོ་ལྟར་ཟབ་ཅིང་ནམ་མཁའ་ལྟར་ཡངས་པའི་བྱ་བ་ཞིག་ཡིན་པ་ངེས། དེར་བརྟེན་ལྷ་ཁང་འདིའི་རྟེན་དང་བརྟེན་པ་བཅས་པ་ལེགས་གྲུབ་བྱུང་བ་ནི་དམ་པ་འདི་ཉིད་དང་འབྲེལ་བ་གཏིང་ཟབ་ཡོད་པའང་ངེས་དགོས།  ལྔ། ཏྲེ་ཤད་གུར་མགོན་ལྷ་ཁང་ད་ལྟ་གནས་ཚུལ་སྐོར། ཏྲེ་ཤད་གུར་མགོན་ལྷ་ཁང་ནི་ད་ལྟ་དཀར་མཛེས་རྫོང་གི་སྡེ་པ་གྲོང་ཞེས་གསོལ་བའི་གྲོང་པ་ཞིག་གི་དཀྱིལ་དུ་གནས་འདུག ལྷ་ཁང་གི་གཞི་ཁྱོན་ཕལ་ཆེན་སྨི་གྲུ་བཞི་མ་༣༨༧༥ཡོད་པ། དེའི་ནང་ནས་སྨི་གྲུ་བཞི་༡༣༥༠ལ་འཛུགས་སྐྲུན་བྱས་ཡོད་པ་རེད། དེ་མིན་རྣམས་འཁྱམ་ར་བྱས། ནང་བརྟེན་གཙོ་བོ་ནི་མགོན་ཁང་འདིའི་ཆེས་ནང་མ་གུར་མགོན་ལྷ་ཁང་དངོས་གཞིའི་དབུས་སུ་འདམ་ལས་གྲུབ་པའི་མཐོ་ཚད་སྨི་ལྔ་ལྷག་ཡོད་པ་གུར་མགོན་ཡིད་བཞིན་ནོར་བུ་དེ་ཡིན། འདིའི་གཟུངས་གཞུང་ཆེས་གཙོ་བོ་ནི་གོང་དུ་བཤད་པས་འཕགས་ཡུལ་དྲི་མེད་ཀོ་ཤའི་མཚོ་གླིང་གི་ཙན་དན་སྤྲུལ་གྱི་སྙིང་པོ་ལས་བྱུང་བའི་སྐུར་རང་བྱོན་གྱི་དཔལ་ལྡན་གུར་གྱི་མགོན་པོ་དེ་ཡིན། དེའི་ལྷ་ཁང་ནང་གི་ནང་བརྟེན་གཙོ་བོའི་གཡས་སུ་འཕྲིན་ལས་ཀྱི་མགོན་པོ་སྟག་བྱོན་དང་གཡོན་དུ་དཔའ་ལྡན་ལྷ་མོ་བཞེངས་ཡོད། གཡས་གྱི་གྲལ་རིམ་དུ་རིམ་བཞིན་པུ་ཏྲ་དང་། སྲིན་མོར་རལ་ཅིག་མ།མང་པ་དམར་པོ། མང་པ་ལྗང་ཁུ། མང་པ་ནག་པོ་བཅས་བཞུགས་ཡོད། གཡོན་གྱི་གྲལ་དུ་རིམ་བཞིན་ཨེ་ཀ་ཛ་ཏི་དང་། གནོད་སྦྱིན་ཡབ་ཡུམ། དགེ་སློང་།སྔགས་པ།སྐྱེས་པ།བུད་མེད་བཅས་བཞུགས་ཡོད། གཡས་གཡོན་གཉིས་ན་གནས་པའི་སྐུ་བརྙན་འདི་དག་གི་ཐོག་ཏུ་ཡང་འདམ་སྐུ་ལས་གནས་བརྟན་བཅུ་དྲུག་བཞུགས། དེ་མིན་མགོན་ཁང་ནང་གི་གྱང་ངོས་སུ་ལྡེབས་རིས་ཡོད་ལ་དེ་ཉིད་ལོ་རྒྱུས་ཀྱི་རིན་ཐང་ཆེན་པོ་ལྡན།དེར་བརྟེན་ལྷ་ཁང་འདི་ནི་མི་རྣམས་ཀྱི་སྐྱབས་འཇུག་བྱེད་སའི་གནས་གཙོ་བོ་ཡིན་པ་མ་ཟད།  ད་དུང་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་བཤམས་སྟོན་ཁང་ཞིག་ཡང་ཡིན།    མགོན་ཁང་ཁྱད་པ་ཅན་འདིའི་བདག་གཉེན་གྱིས་ལོ་རྒྱུས་ཡང་དུས་རབས་ཀྱི་འཕེལ་གྲིབ་དང་མཐུན་ལ། “མགོན་ཁང་འདིར་ལེགས་པ་བཞེངས་རྗེས་ཧོར་དཔོན་རབས་དང་བླ་རབ་སྐུ་གྲགས་ཁག་གིས་འཛིན་སྐྱོང་བདག་གཉེན་དང་ཞིག་གསོས་སོགས་མཛད་དེ་ཉེ་དུས་བར་བྱིན་རླབས་ཀྱི་ཚན་ཁ་འབར་བཞིན་བསྟན་འགྲོའི་བསོད་ནམས་ཀྱི་དཔལ་དུ་བཞུགས། དེ་ཡང་ཧོར་བཀའ་བཅུ་ནམ་མཁའ་རྒྱ་མཚོས་འཛིན་སྐྱོང་གནང་དུས་ཏྲེ་ཤད་གུར་མགོན་ཁང་ འདིར་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་མ་རྩ་རྒྱུན་འཇགས་བྱས་ཐོག་ཧོར་ཁོག་དགོན་སྡེ་བཅུ་གསུམ་པོ་གཙུག་ལག་ཁང་འདིེར་ཆོ་འཕྲུལ་སྨོན་ལམ་ཆེན་པོ་མཉམ་དུ་ཚོགས་རྒྱུའི་ལུགས་སྲོལ་བཙུགས་ཏེ་དགེ་འདུན་ཆོས་སྐྱོང་དང་བཅས་པར་རྒྱ་ཆེར་བྱས། ཡིན་ཡང་རྗེས་སུ་ཕན་ཚུན་ས་ཐག་རིང་བའི་དབང་གིས་རིམ་བཞིན་དགོན་ཁག་སོ་སོ་ནས་ལོ་ལྟར་སྐུ་ཚབ་གྲྭ་རྒྱུན་འགའ་ཞིག་གཏོང་བས་འཐུས་པར་བྱས”[ དབང་ཆེན་ལྷ་མོས་བརྩམས།《དཀར་མཛེས་སྡེ་མགོན་པོ་ལྷ་ཁང་གི་བྱུང་རབས།》༢༠༠༩ལོའི་ཟླ་༡པའི་ཀྲུང་གོའི་བོད་ལྗོངས་གྱི་དུས་དེབ། ཤ ༦༦]། འགྲོ་བའི་དུས་དང་བསྟུན་ན་མགོན་ཁང་འདིའི་རྣམ་པའང་འགྱུར་ལྡོག་འགྲོ་བཞིན་ཡོད། དར་ནས་ཇེ་ཉམས་སུ་འགྲོ་ནས་ལོ་རྒྱུས་ཀྱི་ཆོས་ཉིད་དུ་བརྒལ་ཐུབ་པ་མ་ནུས། རིག་གནས་གསར་རྗེས་ཁྲོད་མགོན་ཁང་གི་སྐུ་བརྙན་ཕལ་ཆེན་གཏོར་བཤིགས་གཏོང་བ་ཡིན། དུས་ཕྱིས་མགོན་ཁང་འདི་ནི་ཉམས་གསོ་བྱས་ཟིན་པ་རེད། གཞི་ཁྱོན་སྔ་ལས་རྒྱ་ཆེན་དུ་འགྲོ་སོང་། མགོན་ཁང་འདི་ནི་ད་ལྟ་བདག་གཉེན་བྱེད་མཁན་ནི་དཀར་མཛེས་རྫོང་གི་ཆེས་གྲགས་ཅན་གྱི་དགོན་པ་དཀར་མཛེས་དགོན་པོའི་བདག་གཉེན་བྱས་བཞིན་ཡོད།     ལོ་གཅིག་རྒྱུན་དུ་དཀར་མཛེས་དགོན་པའི་གྲྭ་པ་གཉིས་སུ་མགོན་ཁང་ནང་དུ་མངགས་ནས་བདག་གཉེན་བྱས་བཞིན་ཡོད།  ཞོགས་པ་དུ་ཉེ་འདབས་ཀྱི་མི་རྣམས་ལ་ཁྲུས་གནང་བ་དང་ཉིན་ཧྲིལ་པོ་གསོལ་ཁ་དང་རིམ་གྲོ་འདོན་བཞིན་ཡོད། དེ་ནས་ཏྲེ་ཤད་གུར་མགོན་ལྷ་ཁང་ནི་དཀར་མཛེས་ཡུལ་གནས་གང་གི་མི་རྣམས་ཀྱི་སྐྱབས་འཇུག་ཞུ་བའི་གནས་གཙོ་བོ་ཞིག་ཏུ་འགྱུར།

  མཇུག་བསྡུ་བའི་གཏམ།

  དཀར་མཛེས་ཏྲེ་ཤད་མཎ་ཊལ་ཐང་ཞེས་པའི་ཡུལ་གནས་འདི་ས་ཡི་དགེ་བཅུ་ཚང་པ་མ་ཟད།  ད་དུང་ཇ་རྟའི་མནའ་འབྲེལ་གྱི་གནད་འགག་ཡིན་པ་དང་བོད་རྒྱའི་ཚོང་ལམ་གྱི་བརྒྱུད་ལམ་ཡང་ཡིན།   དེ་ནས་ལོ་རྒྱུས་སྟེང་གནས་འདིར་རྒྱུན་དུ་ས་རྩོད་ཀྱི་དམག་འཁྲུག་གང་མང་བྱུང་། མདོར་ན་གནས་མཆོག་འདི་ས་གནས་ཀྱི་ཆགས་ཚུལ་ལེགས་པ་ མ་ཟད་ལོ་རྒྱུས་ཀྱི་དོན་སྙིང་ཡང་མཆིས་སོ། དེ་ནས་བོད་ཆོལ་ཀ་གསུམ་གྱི་ཡོངས་སུ་གྲགས་པའི་ས་ཆ་འདིའི་ལག་མཐིལ་ལྟར་མཉམ་ཞིང་ཡངས་པའི་ས་གཞིར་ཚོན་སྣ་ཚོགས་མདངས་ཀྱིས་ཕྱེ་བའི་མེ་ཏོག་རྣམ་པར་བཀྲ་བ་དང་། ཁྱད་དུ་འཕགས་པ་ནི་དཀར་མཛེས་ཏྲེ་ཤད་མཎ་ཊལ་ཐང་གི་ཐོག་ལ་དགེ་བཅུའི་དཔལ་ཡོད་ལྷུན་གྱིས་འགྲུབ་པའི་ཏྲེ་ཤད་གུར་མགོན་ལྷ་ཁང་ཆགས་ཡོད། མགོན་ཁང་འདི་ཉིད་ནི་སྒ་ཨ་མྱེ་དམ་པའི་ཕྱག་བཏབ་པ་དང་དཀར་མཛེས་ས་ཆ་ཐོག་གི་དགོན་ཁང་ལོ་རྒྱུས་ཆེས་སྔ་ཤོས་ཞིག་ཡིན། ལོ་ངོ་བདུན་རྒྱ་ལྷག་གི་ལོ་རྒྱུས་དུས་ཡུན་ཁྲོད་དུ་ཡུལ་གྲུ་འདིའི་མི་རྣམས་ཀྱིས་བློ་ཁ་ཆོས་ལ་ཕྱོགས་ནས་དད་ལྡན་སྐྱེ་འགྲོའི་ཚོགས་དཔག་ཏུ་མེད་པ་འདུ་ནས་དགེ་མཚན་དཔག་ཏུ་མེད་པ་ལྡན། མདོར་ན།  མགོན་ཁང་འདིའི་དཀར་མཛེས་རྫོང་གི་དད་ལྡན་མི་རྣམས་ལ་དགེ་མཚན་ལྡན་པ་དང་ཡུལ་སྐོར་གྱི་མི་རྣམས་སུ་བོད་ཀྱི་ལོ་རྒྱུས་རིག་གནས་སོགས་ཤེས་རྟོགས་བྱུང་བ་ལའང་ཕན་པ་ཆེན་པ་ལྡན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1