ད་ལོ་ལོ་ལེགས་ཡག་པོ་འདུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 09-26



 

འབྲུ་རྡོག་གཅིག་ཀྱང་མ་ལུས་མཛོད་དུ་བསྡུས། ཨ་ཁུ་ཞིང་པ་འབབ་འཕར་སྤྲོ་བས་ཁེངས། 


ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་ལ་རྟེན་འབྲེལ་ཞུ།  



       འདི་ལོའི་སྟོན་བསྡུའི་དུས་ཚིགས་དང་རིམས་ནད་ཐོན་པའི་གནས་ཚུལ་དུས་གཅིག་ཏུ་འཁེལ་བའི་ཚོད་བགམ་ཉིས་བརྩེགས་ཀྱི་མདུན་དུ་བོད་ལྗོངས་ལྷོ་ཁ་འཕྱོངས་རྒྱས་རྫོང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་སྟོན་བསྡུའི་ལས་དོན་གཉིས་ཀར་དམ་འཛིན་དང་། གཉིས་ཀར་འཐུས་ཤོར་མི་ཡོང་བ་བྱེད་པ། གཉིས་ཀར་ལྷོད་གཡེང་མི་གཏོང་བ་བཅས་མཐའ་འཁྱོངས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་ནན་པོ་བྱེད་པ་དང་དུས་མཚུངས། གྲོང་མིར་རིམས་ནད་ཁྲོད་བདེ་འཇགས་ལྡན་པའི་སྒོ་ནས་སྟོན་བསྡུ་བྱེད་རྒྱུའི་ཁྲིད་སྟོན་བྱས་ཏེ་མང་ཚོགས་ཀྱི་ཞིང་ལས་ཡོང་འབབ་ལ་རིམས་ནད་ཐོན་པའི་རྐྱེན་གྱིས་གྱོང་གུན་མི་ཕོག་པ་འགན་ལེན་བྱས་ཡོད།


 


       ཟླ་བ་དགུ་པའི་འཕྱོངས་རྒྱས་ནི་ནས་དང་། གྲོ། ཞོག་ཁོག པད་ཁ། སྲན་མ་སོགས་ཞིང་ལས་སྐྱེ་དངོས་བསྡུ་བའི་དུས་ཚིགས་ཤིག་ཡིན་ལ་ཞིང་འབྲོག་མང་ཚོགས་ལ་ལོ་ལེགས་ཀྱི་བདེ་སྐྱིད་ཐོབ་པའི་དུས་ཚིགས་ཤིག་ཀྱང་ཡིན། འཕྱོངས་རྒྱས་རྫོང་རྒྱལ་སྨན་ཤང་གི་བཀྲ་ཤིས་གྲོང་ཚོའི་ཞིང་ཁའི་ནང་། གྲོང་མི་ཚོས་པད་ཁ་དང་སྲན་མ་སོགས་བརྔ་བསྡུ་བྱས་ནས་ཞིང་ལས་ལོ་ཏོག་རྣམས་གཡུལ་ཁའི་ནང་དབོར་བཞིན་ཡོད་པ་དང་། གྲོང་མི་ཁག་གཅིག་གིས་ས་བོན་ལེགས་འདེམས་བྱེད་པ་དང་། ཁག་གཅིག་གིས་གཡུལ་ལས་གཏོང་རྒྱུར་བྲེལ་བ། ཁག་གཅིག་གིས་ཞིང་འཕྲུལ་བཀོལ་སྤྱོད་ལ་བྲེལ་བ། ཁག་གཅིག་གིས་འབྲུ་སྣོད་གྲ་སྒྲིག་བྱེད་པ་སོགས་གང་སར་བྲེལ་འཚུབ་ཆེ་བའི་སྟོན་བསྡུའི་རྣམ་པ་བཟང་པོ་མངོན་གྱི་ཡོད།


 

       འཕྱོངས་རྒྱས་རྫོང་བཀྲ་ཤིས་གྲོང་ཚོའི་ཚོགས་ཆུང་གཉིས་པའི་གྲོང་མི་དོན་ལྡན་གྱིས། འདི་ལོ་ངའི་ཁྱིམ་དུ་ཞོག་ཁོག་དང་། ནས། པད་ཁ། སྲན་མ་སོགས་ཞིང་ལས་སྐྱེ་དངོས་བཏབ་པར་ཐོན་ཚད་ཧ་ཅང་ཡག་པོ་འདུག  ང་ཚོ་ནང་མི་ཚང་མ་ཧ་ཅང་དགའ་པོ་འདུག་ཅེས་གསུངས་ཀྱི་ཡོད་པ་རེད།

 


       བཀྲ་ཤིས་གྲོང་ཚོའི་ཚོགས་ཆུང་གཉིས་པའི་གྲོང་མི་རྡོ་རྗེ་བཀྲ་ཤིས་ཀྱིས་དགའ་ཚོར་ཆེན་པོས་རིམ་ཁག་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་འོག་འདི་ལོ་ང་ཚོས་རིམས་ནད་སྔོན་འགོག་ཚོད་འཛིན་ཡག་པོ་བྱེད་པ་དང་དུས་མཚུངས་སྟོན་བསྡུའི་ལས་དོན་ལ་དམ་འཛིན་བྱས་ནས་འབྲུ་རྡོག་གཅིག་ཀྱང་མ་ལུས་བསྡུ་ཐུབ་པས་ཐོན་ཚད་ཀྱང་ཧ་ཅང་ཡག་པོ་འདུག ང་ཚོ་ཞིང་པའི་སེམས་ནང་དགའ་སྤྲོ་ཆེན་པོ་བྱུང་ཞེས་གསུངས་ཀྱི་ཡོད་པ་རེད།

 


       འཕྱོངས་རྒྱས་རྫོང་ཞིང་ལས་དང་གྲོང་གསེབ་ཅུས་སུ་མཐོ་རིམ་ཞིང་ལས་ལག་རྩལ་མཁས་ཅན་ཉི་མ་སྒྲོལ་དཀར་དང་ལས་དོན་མི་སྣས་འདི་ལོའི་3414ཚོད་ལྟའི་ཞིང་ནང་དུ་ཚོད་འདེབས་བྱས་པའི་འབྲུ་རྡོག་སྐམ་ཐབས་བྱེད་བཞིན་ཡོད་པ་དང་། ཞིབ་དཔྱད་ཚད་ལེན་ལྟེ་གནས་སུ་སྐྱེལ་བདེ་པོ་ཡོང་ཆེད། ཁུལ་ཆུང་ཚང་མར་འབྲུ་རྡོག་སྟོང་གི་ལྗིད་ཚད་ལྟར་ཁུལ་ཆུང་ཁག་གི་ཐོན་ཚད་རྩིས་རྒྱག་གི་ཡོད་པ་དང་ཆབས་ཅིག་གོམ་སྟབས་རྗེས་མའི་ས་རྒྱུར་ཚོད་ལྟ་བྱེད་པའི་ཐད་ཚན་རིག་དང་མཐུན་པའི་གཞི་འཛིན་ས་མཁོ་འདོན་བྱེད་ཐུབ་རྒྱུ་ཡིན་པ་རེད། 


 

       སྟོན་བསྡུའི་དུས་སུ་འཕྱོངས་རྒྱས་རྫོང་གི་ཞིང་ལས་དང་གྲོང་གསེབ་ཅུས་ཀྱི་ལག་རྩལ་མི་སྣ་ཞིང་ཁའི་ནང་ཟབ་འཇུག་བྱས་ནས་སྟོན་བསྡུའི་ལས་ཀར་ལྟ་སྐུལ་ཞིབ་བཤེར་དང་མཛུབ་ཁྲིད་བྱས་པ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་ནན་ཏན་བྱེད་པ་དང་དུས་མཚུངས། ལག་རྩལ་པ་ཞིང་ནང་དང་མུ་ཁར་བསྐྱོད་དེ་ཞིང་ལས་སྐྱེ་དངོས་ཀྱི་ཐོན་ཚད་ཚད་ལེན་ལས་དོན་སྤེལ་བའི་ཁྲོད་ལག་རྩལ་མི་སྣས་ལས་དོན་ལ་ཚད་མཐོའི་འགན་འཁུར་གྱི་རྣམ་འགྱུར་བཟུང་ནས་ཚན་རིག་དང་མཐུན་པའི་ངང་དཔེ་འཐེན་བརྟག་དཔྱད་དང་ཚན་རིག་དང་མཐུན་པའི་ངང་ཚད་ལེན་ཞིབ་རྩིས་བྱས་ཏེ་ཐོན་ཚད་ཚད་ལེན་གྱི་གཞི་གྲངས་ཀྱི་དངོས་ཡོད་རང་བཞིན་དང་། བདེན་པ་རང་བཞིན། གནད་འཁེལ་རང་བཞིན་བཅས་འགན་ལེན་བྱས་ཡོད་པ་རེད། མིག་སྔར་ཐོན་ཚད་ཚད་ལེན་ལས་དོན་བདེ་བླག་ངང་ལེགས་གྲུབ་ཟིན་པ་དང་འབྲེལ་ཡོད་གྲངས་གཞི་ཕྱོགས་སྡོམ་བྱེད་བཞིན་ཡོད་པ་རེད། 


  

       འཕྱོངས་རྒྱས་རྫོང་ཞིང་ལས་དང་གྲོང་གསེབ་ཅུས་ཀྱི་མཐོ་རིམ་ཞིང་ལས་ལག་རྩལ་ཆེ་མོ་བ་ཉི་མ་སྒྲོལ་དཀར་གྱིས། འདི་ལོ་ཞིང་ལས་དང་གྲོང་གསེབ་ཅུས་ཀྱིས་གྲོང་ཁྱེར་དང་། རྫོང་། ཤང་བཅས་རིམ་པ་གསུམ་གྱི་ཞིང་ལས་ལག་རྩལ་མི་སྣས་ཤང་འགན་གཙང་དང་། གྲོང་ཚོ་འགན་གཙང་། མུ་འབྲེལ་ཁུལ་འགན་གཙང་སོགས་ཀྱི་ལག་རྩལ་ཞབས་ཞུའི་བླང་བྱ་གཞིར་བཟུང་གཞི་རིམ་དུ་བསྐྱོད་དེ་ཞིང་ནང་དུ་ས་གནས་ས་ཐོག་ཏུ་མཛུབ་ཁྲིད་བྱེད་པ་དང་། མི་སྣ་སྒྲིག་འཛུགས་བྱས་ནས་ཞིང་འཕྲུལ་ལ་ཉམས་གསོ་དང་བདག་སྐྱོང་བྱེད་པ། ཚན་རིག་དང་མཐུན་པའི་ངང་བཀོད་སྒྲིག་བྱེད་པ་སོགས་ཀྱི་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ་འབྲུ་རིགས་ཐོན་སྐྱེད་ལ་ཐོན་འབབ་ཆེན་པོ་ཐོབ་པའི་འགན་ལེན་བྱ་རྒྱུ་རེད་ཅེས་ངོ་སྤྲོད་གནང་འདུག


 

       ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་འཕྱོངས་རྒྱས་རྫོང་གི་ས་ཞིང་སྤྱིའི་འདེབས་ཁྱོན་མུའུ་27400ཟིན་པའི་ནང་འབྲུ་རིགས་འདེབས་ཁྱོན་མུའུ་18400དང་། དཔལ་འབྱོར་སྐྱེ་དངོས་འདེབས་ཁྱོན་མུའུ་6700 གཟན་རྩྭའི་འདེབས་ཁྱོན་མུའུ་ཁྲི་2300 སོན་རྒྱུའི་ས་ཞིང་འདེབས་ཁྱོན་མུའུ་1540བཅས་ཟིན་པ་དང་། སྔོན་དཔག་བྱས་ན་འབྲུ་རིགས་ཐོན་ཚད་བསྡོམས་འབོར་རྒྱ་མ་བྱེ་བ་གཉིས་དང་ས་ཡ་གཉིས་དང་དགུ་འབུམ་གསུམ་ཁྲི་ཟིན་ནས་སྤྱི་ལོ་2021ལོ་ལས་རྒྱ་མ་ཆིག་འབུམ་དགུ་ཁྲི་གསུམ་སྟོང་བདུན་བརྒྱ་ཙམ་འཕར་རྒྱུ་ཡིན་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1