༄༅།། ཏྲེ་ཤོད་གོང་ལམ་གཡུང་དྲུང་གླིང་དགོན།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 09-27


  གཤེན་རྒྱལ་དུ་བྱུང་བའི་སྨོན་རྒྱལ་རྩ་བའི་དགོན་སྡེ་ལྔ་ཡི་ཡ་གྱལ་ཏྲེ་ཤོད་གོང་ལམ་གཡུང་དྲུང་གླིང་དགོན་ནི། མནའ་ཤུལ་ནས་ཐོན་པའི་དངོས་རྫས་དང་ལོ་རྒྱུས་ཀྱི་འཕེལ་རིམ་སོགས་ལ་གཞིག་ན། བོད་བཙན་པོའི་སྐབས་ཁམས་ཕྱོགས་སུ་བོན་བསྟན་དར་ཁྱབ་ཆེ་བས་ཕྱི་ལོའི་དུས་རབས་བདུན་པ་ཡས་མས་སུ་བྱུང་ངམ་བརྟག།།ནང་བསྟན་གསལ་མེ་ལས། དམུ་ཚ་སྒ་རིགས་སམ་དམུ་རིགས་གཤེན་རྒྱུད་ལས་གྲོལ་བའི་དམ་པ་སྨོན་རྒྱལ་གཙུག་ཕུད་འོད་ཟེར་གྱིས་བཏབ་པར་བཤད། དགོན་འདི་དཀར་མཛེས་གྲོང་ཁྱེར་གྱི་ནུབ་རྒྱུད་སྤྱི་ལེ་༡༣་ཙམ་གྱི་སར་གཙང་ཆུ་སྔོན་མོའི་གཡས་ཕྱོགས་སུ་ཆགས་ཡོད། རྒྱ་མཚོའི་ངོས་ནས་མཐོ་ཚད་སྨི་༣༣༦༠་ལྷག་སྟེ་དཀར་མཛེས་ཡུལ་སྤྱི་དང་མཚུངས། དགོན་འདིའི་ནུབ་ཕྱོགས་སྤྱི་ལེ་ལྔ་ཙམ་སོང་ན་གོང་གི་སྨོན་རྒྱལ་བླ་རབས་དུ་མ་བྱོན་པའི་ནང་ཚན་སྨོན་རྒྱལ་མཐུ་ཆེན་ཨ་བོན་སྨོན་རྒྱལ་ཤེས་ལྡན་ལྷ་སྲུང་། དཔའ་བོ་རྣམ་རྒྱལ་བཀྲ་ཤིས་སོགས་ཀྱི་སྐབས་སུ་དྲེ་འཛིང། རྫ་གསུམ་དུ་དགོན་སྡེ་བཅུ་གསུམ་བཏབ་པ་ལས་དྲེ་རྫ་གཉིས་ཀྱི་ས་མཚམས་ལ། བླ་རི་ལ་གདོང་ཆེན་ཉུ་ཉ། བླ་མཚོ་ལ་ཟད་མེད་མཚོ་གསུམ། བླ་ཤིང་ལ་ལྕང་མའི་དར་ཕྱུག  །སྟེང་དགོན་ལ་གཡུང་དྲུང་བོན་དགོན་ནམ་བཀྲ་ཤིས་བོན་དགོན། འོག་གནས་ལ་རོང་པ་ཚ་ཆེན། ཐུགས་དམ་ལ་གཡུང་དྲུང་བོན་མཆོག །སྐུ་མཁར་ལ་རྒྱ་ཆེན་ཀློང་ཡངས། རི་ཞིང་ལ་པོ་ཏི་བརྩིགས་འདྲ། ཐང་ཞིང་ལ་ཤོག་བཀྲ་བཀོད་འདྲ། ལྷ་གྲོགས་ལ་ཉི་མ་ཤར་འདྲ། གཉེན་གྲོགས་ལ་ཟླ་བ་ཚེས་འདྲ། འཁོར་འབངས་ལ་སྐར་མ་བཀྲ་འདྲ། བསྟན་སྦྱིན་ལ་རྩི་ཐོག་རྒྱས་འདྲར་སྐྱེས་ནས་སྟག་མོ་ནགས་ནས་མཆོངས་པའི་རྗེས་ལྟ་བུ་ཡོད་པའི་སར། བཀྲ་ཤིས་བོན་དགོན་ནི་རིག་གསར་སྐབས་ཉམས་ནས་བཟུང་སླར་གསོ་མ་ཐུབ་པར་ལུས། འདི་ད་ལྟར་རོང་པ་ཚ་ཞི་ཚེ་[ འབྲི་སྲོལ་གཞན་བྱེ་གསེར་འབྲི་བའང་སྣང་།]ཤང་གི་ཁོངས་གཏོགས་དགོན་ཞབས་ཞེས་པའི་ས་ཆར་དེང་སང་ཡང་རྗེས་ཤུལ་མ་ཉམས་པ་མཇལ་རྒྱུ་ཡོད།སྨོན་རྒྱལ་དམ་པ་རང་གྲོལ་གྱི་གསུང་སྐྱེས་བུ་སློབ་ནང་ནས་གྲུབ་ཐོབ་ཤར་པ་རྣལ་འབྱོར་གྱིས་སྒྲུབ་གནས་རི་ཁྲོད་ཡོད་བཅུད་དགོན་ཟེར་བ་ཞིག་ཕྱག་བཏབ་གནང་བ་སྒྲོབ་ནགས་དགོན་འདིའི་བྱང་ཤར་རི་ངོགས་སྤྱི་ལེ་ལྔ་ཙམ་གྱི་མཚམས་དེང་སང་ཡང་མ་ཉམས་པར་སྒྲུབ་ཕུག་མཇལ་རྒྱུ་ཡོད། དུས་རབས་བཅུ་བདུན་ནང་ཚུན་དུས་དབང་སོགས་ཀྱི་རྐྱེན་པས་དགོན་འདིར་ཉམས་རྒུད་ཆེན་པོ་གསུམ་ཙམ་བྱུང་བས། དང་པོ་ཧོར་ཆོས་རྗེ་ངག་དབང་ཕུན་ཚོགས་ཀྱི་སྐབས་སོག་དམག་སོགས་འགལ་རྐྱེན་དུ་མས་བསྒྱུར་བཅོས་བསྣུབ་གསུམ་གྱིས་དབྲ་ལྕང་སྨོན་གསུམ་གྱི་བསྟན་པ་ཉག་ཕྲར་གྱུར་པར་མ་ཟད། དབྲ་ལྕང་གཉིས་པོ་ཉམས་པ་སླར་གསོ་མ་ཐུབ་པས་དེང་གི་ཆར་ཏྲེ་བོ་ཤོད་ཡུལ་དུ་དགོན་ཤུལ་མིང་ཤུལ་ཙམ་མ་གཏོགས་མེད། སྨོན་རྒྱལ་བསོད་ནམས་ཕུན་ཚོགས་དང་། སྨོན་རྒྱལ་གཡུང་དྲུང་ཕུན་ཚོགས། སྨོན་རྒྱལ་གཡུང་དྲུང་བསྟན་རྒྱལ། སྨོན་རྒྱལ་གཡུང་དྲུང་རྒྱལ་མཚན་ནམ་ལྷ་ཕྱུག་བཅས་སྐབས་དེར་བསྟན་འཛིན་གྱི་སྐྱེས་མཆོག་རིམ་པར་ཕེབས། ཁྱད་པར་དུ་དུས་རབས་བཅུ་བདུན་པའི་མཇུག་ཏུ་སྨོན་རྒྱལ་ལྷ་ཕྱུག་དང་ཡུམ་སྟག་བཟའ་ཚེ་རིང་མཚོ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཉིས་པའི་རྣམ་གནོན་ཞེས་པ་ལྕགས་འབྲུག་སྟེ་ཕྱི་ལོ་༡༧༠༠ལོར་དྲན་པའི་ཐུགས་སྤྲུལ་གྱེར་སྤུངས་ཆེན་པོ་སྤྲུལ་པའི་སྐུ་མཆོག་ཀུན་མཁྱེན་རྒྱལ་བ་གཉིས་པ་མཉམ་མེད་འགྲོ་བའི་མགོན་པོ་༸རྒྱལ་དབང་ཀུན་གྲོལ་གྲགས་པ་བྱོན་པ་ཡིན་ཏེ། ལུང་ལས། དྲན་པའི་ཐུགས་སྤྲུལ་སྐྱེས་མཆོག་གཅིག །མདོ་སྨད་ཁྱུང་པོ་ཡུལ་དུ་འཁྲུངས།།འགྲོ་དོན་ལྷོ་མོན་མཐའ་རུ་བྱེད།།གནས་ཆེན་གཏེར་གྱི་སྒོ་ཡང་འབྱེད།།མཐའ་འཁོབ་གསལ་བའི་སྒྲོན་མེ་འདེགས།།སྲིད་རྒྱལ་སྤྲུལ་པ་ཕོ་ཆས་ཅན།།བུད་མེད་ཆས་ཞུགས་རྒོད་ལྕམ་ཞིག།།ཡུམ་དུ་བཞེས་ནས་གདུང་རྒྱུད་སྤེལ།།སྐྱེས་བུ་དེ་དང་དེ་རྒྱུད་ལ།།འབྲེལ་ཚད་ངན་སོང་ལྟུང་མི་འགྱུར།།ཞེས་པའི་ལུང་དང་མཐུན་པའི་རྣམ་པར་ཐར་པ་ཡོངས་སུ་རྒྱས་ཤིང་ལུང་གི་དགོངས་དོན་མ་འཛོལ་བ། ཡབ་ཡུམ་གནས་སྐོར་བགྲོད་པའི་ལམ་བར་ཁྱུང་པོ་རྒྱས་རོག་ཐང་དུ་སྤྲེལ་ཟླའི་ཚེས་བཅུར་སྐུ་འཁྲུངས་ནས་ངོ་མཚར་དགེ་རྟགས་མང་དུ་ཤར། གནས་ཆེན་བོན་རིའི་མདུན་དུ་ཕེབས། སྐུ་ན་ཕྲ་མོའི་དུས་ནས་རིག་འཛིན་མཁའ་འགྲོ་བོན་སྐྱོང་ཡུལ་ལྷ་སོགས་ཀྱིས་ཞལ་གཟིགས་གསུང་ཐོས་བརྗོད་ལས་འདས། མ་བསླབ་ཤེས་བྱ་རིག་པ་རང་བརྡོལ་དུ་མཁྱེན། རིག་འཛིན་གྲུབ་ཆེན་སངས་རྒྱས་སེམས་དཔའི་རྣམ་རོལ་དཔལ་ལྡན་བླ་མའི་ཚོགས་ལས་ཕྱི་ནང་གསང་གསུམ་གྱི་དབང་ལུང་གདམས་པ་ཟབ་ཁྲིད་རྒྱ་ཆེར་གསན། རོང་བཞི་ཤོད་བརྒྱད་སོགས་གནས་ཆེན་དང་ཟབ་མོའི་གཏེར་སྒོ་བཅུ་གསུམ་ཕྱེས། ལྷོ་མོན་རོང་ཁམས་མཐའ་འཁོབ་ཀྱི་དྲེགས་ལྡན་མི་སྲུན་ཚོགས་རྣམས་སྨིན་ཅིང་གྲོལ་བར་མཛད། མ་མཆོག་སྲིད་རྒྱལ་སྣང་བརྙན་པདྨ་ལས་རབ་ཡུམ་དུ་བཞེས་ནས་སྲས་ཚེ་དབང་རིག་འཛིན་གྱི་སྤྲུལ་པ་རྒྱལ་བ་དབང་གྲགས་བསླབ་པ་གསུམ་གྱི་གཞི་འཛིན། པདྨ་འབྱུང་གནས་ཀྱི་སྤྲུལ་པ་པདྨ་རྒྱལ་པོའི་གསང་བ་སྔགས་ཀྱི་རྐང་འཛིན་པ་གཉིས་འཁྲུངས། གསུང་སྐྱེས་བུ་སློབ་ལའང་ཐུགས་ཀྱི་སྲས་ཆེན་བརྒྱད་དང་ཡང་ཕུད་དགུ་བཅས་བསྟན་འགྲོའི་དོན་ཆེན་ནུས་པའི་བོན་ཆོས་རིས་མེད་ཀྱི་སློབ་ཚོགས་བརྒྱ་ཕྲག་དུ་མ་བྱུང་། རབ་རྒྱལ་མུ་ལ་ཝེར་རོ་དང་བེ་རི་རྒྱལ་པོ་ཚེ་དབང་དར་རྒྱས་སོགས་རྒྱལ་པོ་ཆེན་པོ་ལྔའི་དབུ་བླར་མཛད་ཅིང་། གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ་པོད་ཉིས་བརྒྱ་གྱ་གཅིག་བསྡུ་སྒྲིག་མཛད་ཅིང་རྒྱལ་རོང་རབ་བརྟན་རྒྱལ་ས་དང་ཁྲོ་སྐྱབས་རྒྱལ་ས་གཉིས་ལ་ཤིང་པར་རེ་རེར་བརྐོས་ཤིང་ཞུ་དག་དང་དཀར་ཆག་ཉི་མ་འབུམ་འོད་རྩོམ་གནང་དང་བཅས་གངས་ཅན་བོད་ཀྱི་གདོད་མའི་གནའ་བོའི་རིག་གཞུང་ལ་དོ་སྣང་ཆེན་པོས་བརྩིགས་ཆེན་མཛད་པ་སོགས་རང་རིགས་རིག་གནས་ནོར་བུའི་བང་མཛོད་ལ་མཛད་རྗེས་བླ་མེད་དུ་བསྐྲུན། བཀའ་གཏེར་ཕྱི་ནང་རིག་གནས་སྐོར་སོགས་ལ་དགོངས་འདུས་རྣམ་བཞི་གཙོས་པོ་ཏི་ཆེན་པོ་ཉེར་ལྔའི་ཁོངས་སུ་བསྡུ་བར་བྱས། ཁྱད་པར་དུ་རྩ་བའི་དགོན་སྡེ་ལྔ་གཙོས་གསར་དུ་བསྐྲུན་པ་དང་ཉམས་པ་སླར་གསོ་མཛད་པ་སྟེ། རྫ་སྐེད་དུ་སྨོན་རྒྱལ་སྐུའི་དགོན་པ་ཨ་ཁོད་དགའ་ལྡན་དར་རྒྱས་གླིང་། རྫ་སྟོད་དུ་གསུང་ཁྲོམ་རྫོང་བཀྲ་ཤིས་ཕུན་ཚོགས་གླིང་། རྫ་སྨད་དུ་ཐུགས་འབུམ་སྨད་མི་གཡོ་བསམ་གཏན་གླིང་། རྫ་སྲིབ་ཏུ་ཡོན་ཏན་ཐུགས་རྗེ་ཟེར་འཕྲོ་གླིང་། ཏྲེ་ཤོད་དུ་ཕྲིན་ལས་གོ་ལམ་བཤད་སྒྲུབ་གཡུང་དྲུང་གླིང་དགོན་གཙོས་རྩ་བའི་དགོན་སྡེ་ལྔ་དང་ཡན་ལག་གི་དགོན་སྡེ་བརྒྱད་དང་བཅུ་གསུམ་བཅས་གསར་བསྐྲུན་མཛད་པ་དང་། སྔར་ཉམས་པ་རྣམས་སོར་ཆུད་གནང་སྟེ་བཤད་སྒྲུབ་སྒོམ་གསུམ་གྱི་བསྟན་པ་རབ་ཏུ་རྒྱས་པའི་གནས་མཆོག་ཁྱད་པར་ཅན་གྱི་ཞིང་དུ་བསྒྱུར། མི་རིགས་མཐུན་སྒྲིལ་དང་གྲུབ་མཐའ་རྩོད་མེད་ཀྱི་ལམ་ལ་ཆས་ཏེ་བོན་ཆོས་རིས་མེད་ཀྱི་འགྲོ་དོན་རྒྱ་ཆེན་པོར་མཛད་རྗེས་དཔལ་དུ་འབར་བའི་གྲུབ་མཐའ་སྤྱིའི་བཤེས་གཉེན་ཆེན་པོ་རྒྱལ་དབང་ཁོང་གིས་བསྟན་པ་སྤྱི་ཡི་འབྱུང་ཁུངས་ཡིད་བཞིན་ནོར་བུ་འདོད་པ་འཇོ་བའི་གཏེར་མཛོད་བརྩམས། ཞལ་ནས། བཀའ་རྙིང་མ་བོན་པོ་བསྟན་པའི་སྲོག། །སེམས་ཀུན་བྱེད་རྒྱལ་པོ་རང་དབང་ཆེ།།ཆོས་བཀའ་རྒྱུད་འབྲུག་པ་བསྟན་པའི་མིག།།སྤྱིར་མ་རིག་སེམས་ཅན་ལམ་སྣ་འདྲེན།།དཔལ་ས་སྐྱ་དགེ་ལུགས་བསྟན་པའི་རྒྱན།།བློ་མི་ཤེེས་ལུས་ཅན་སྣང་བ་བསྒྱུར།།དོན་དེའི་ཕྱིར་གྲུབ་མཐའི་དབྱེ་བ་མེད། །ཅེས་གསུངས། དེ་ནས་ཁོང་གི་ཁུ་བོ་གཡུང་དྲུང་ཕུན་ཚོགས་ཀྱི་སྤྲུལ་སྐུ་མེ་འབྲུག་ལོའི་ཟླ་བ་༣པའི་ཚེས་བཟང་དུས་བཟང་དང་བསྟུན་ཏེ་གདན་ས་གཡུང་དྲུང་གླིང་དུ་ཁྲི་སྟོན་མངའ་གསོལ་ཟབ་རྒྱས་གནང་། སྐུ་དབོན་སྨོན་རྒྱལ་ངག་དབང་བློ་གྲོས་དང་སྨོན་རྒྱལ་སངས་རྒྱས་རིན་ཆེན་དཔལ་བཟང་པོ་གཉིས་ལ་གཡུང་དྲུང་གླིང་གི་རྟེན་དང་བརྟེན་པ་ཡོངས་རྫོགས་བདག་གིར་མཛད་དུ་བཅོལ་ཏེ་བསྟན་པའི་མངའ་ཐང་དགུང་ལ་རེག་པར་བྱས། ཕྱི་ལོ་༡༧༣༨དེ་དགུང་ལོ་སོ་དགུ་ནས་སྐུ་ཚེའི་སྨད་དུ་རྫ་སྨོན་རྒྱལ་དགོན་དུ་གདན་ས་གཙོ་བོར་མཛད་དེ་རྩ་བ་དང་ཡན་ལག་གི་དགོན་སྡེ་གཙོས་བསྟན་འགྲོ་སྤྱི་ལ་ཕན་བདེའི་མཛད་བཟང་གི་འགྲོ་དོན་ཐམས་ཅད་མཐར་ཕྱིན་ཏེ་དགུང་ལོ་རེ་བདུན་མེ་ཁྱི་ལོའི་ཟླ་བ་༨་པའི་ཚེས་༡༩ཉིན་དགོངས་པ་བོན་ཉིད་དབྱིངས་སུ་བསྡུས། སྐྱེས་བུ་ཆེན་པོ་དེ་ནི་འགྲོ་འདྲེན་རྒྱུ་སྐར་གྱི་དབུས་ན་བཅོ་ལྔའི་ཟླ་བ་རྒྱས་པ་ལྟ་བུ་ཁྱད་པར་འཕགས་པ་གང་ཉིད་ཀྱི་ཞལ་གདམས་ལས། འདུལ་འཛིན་ལྔ་དང་གཏེར་སྟོན་བརྒྱད། །ཡང་སྲིད་རིམ་བྱོན་གསོལ་བ་འདེབས། །ཞེས་གསུངས་པ་ལྟར་ཡང་སྲིད་སྤྲུལ་པའི་སྐུ་དྲུག་ཕེབས་ཟིན་པ་རྣམས་ཀྱི་ལོ་རྒྱུས་སོགས་རྫ་སྨོན་རྒྱལ་དགོན་གྱི་ལོ་རྒྱུས་ལས་གསལ་བས་དེར་གཟིགས་པར་འཚལ། དེ་ནས་སྐུ་དབོན་རྣམ་གཉིས་ལས་ཅུང་པོ་སངས་རིན་གྱི་ཡང་སྲིད་རིམ་བྱོན་དང་སྨོན་རྒྱལ་དབོན་པོ་རིམ་བྱོན་གྱིས་མཁན་པོ་མཛད་དེ་བསྟན་པ་འཛིན་སྐྱོང་རྒྱལ་ཆེར་གནང་། སྤྲུལ་སྐུ་དང་མཁན་པོ་རིམ་བྱོན་གྱི་མཚན་ངེས་གསལ་ཅན་མ་རྙེད།  དུས་རབས་བཅུ་དགུ་པའི་ནང་ཉག་རོང་མགོན་པོ་རྣམ་རྒྱལ་གྱིས་དགོན་པའི་ལྷ་ཁང་དུ་མ་དང་བཀའ་བརྟེན་རིགས་རྟེན་གསུམ་གྲངས་མེད་མེར་བསྲེགས་བཏང་བས་སྟོར་བརླག་ཚབས་ཆེར་བྱུང་བས། ཀུན་གྲོལ་བཞི་པ་བསྟན་འཛིན་ཚུལ་ཁྲིམས་གྲགས་པས་ཉམས་པ་སླར་གསོ་དང་མི་ཉམས་གོང་སྤེལ་བཏང་བས་བཀའ་དྲིན་ཤིན་ཏུ་ཆེ། དུས་རབས་དེའི་སྨད་དུ་ཨ་ཁུ་སྤྲུལ་སྐུ་ཞེས་པ་དང་སྨོན་དབོན་མགོན་པོ་དབང་རྒྱལ་རྣམ་གཉིས་འཁྲུངས་པས་བསྟན་པ་སྐྱོང་ཞིང་བཞུགས། གསུམ་པ་དུས་རབས་ཉི་ཤུ་པའི་ནང་ཕྱི་ལོ་༡༩༤༣ལོ་ཨ་ཁུ་སྤྲུལ་སྐུ་དགོངས་པ་བོན་དབྱིངས་ཐིམ། ཕྱི་ལོ་༡༩༦༦ལོར་རིག་གསར་སྐབས་སམ་དུས་ཀྱི་འཕོ་འགྱུར་འོག་ནང་གི་རྟེན་གསུམ་རིགས་ཚང་མ་བརླག །བླ་གྲྭ་རྣམས་ཐོན་སྐྱེད་ངལ་རྩོལ་དུ་ཞུགས་དགོས་བྱུང་བ་དང་གཙུག་ལག་ཁང་ཐུན་མོང་གི་སྤྱི་ཁང་དུ་གྱུར་ནས་འབྲུ་མཛོད་ཁང་བྱས་པས་ལྡེབས་རིས་ཕལ་ཆེར་དེང་སང་མ་ཉམས་པར་བཞུགས་པས་ངོ་མཚར་ཆེ། གྲྭ་ཁང་རྣམས་དབུལ་པོས་སྒེར་བདག་བྱས་པས་ཚང་མ་ཉམས་ནས་ཁང་ཤུལ་རྣམས་དེང་སྐབས་དགོན་གཞུང་ལ་ཡར་ཕལ་ཆེར་ཕུལ་འདུག །ཤིང་ཕོ་བྱི་བ་ཕྱི་ལོ་༡༩༨༤ལོའི་ཟླ་བ་༡༡་པའི་ཚེས་༡༤་ཉིན་རྫོང་མི་དམངས་སྲིད་གཞུང་གིས་ཆོས་སྒོ་ཕྱེ་ཆོག་པའི་ཆོག་མཆན་ཐོབ་པར་སྨོན་ལྕམ་གཏེར་སྟོན་ཌཱཀི་མཁའ་སྤྱོད་དབང་མོ་སྐུ་འཁོར་ཆེད་ཕེབས་འོག་དཀར་མཛེས་རྫོང་ནས་བླ་སྤྲུལ་དུ་མ་དང་བཅས་མཛད་སྒོ་སྤེལ། ཕྱི་ལོ་༡༩༨༦ལོར་རྫ་སྨོན་རྒྱལ་དགོན་དུ་སྨོན་དབོན་མགོན་པོ་དབང་རྒྱལ་ཡོད་སྐབས་སྙུང་གཞིའི་ཚུལ་བསྟན་པས་ཡུན་རིང་མ་འགོར་བར་ཞིང་གཞན་དུ་གཟིགས། སྐུ་གདུང་ཆུང་བ་དང་ཀློང་རྒྱས་དཀྱིལ་འཁོར་ཞལ་ཕྱེས་ཏེ་ཞུགས་འབུལ་རྗེས་རྟེན་སྐལ་རིང་བསྲེལ་གྲངས་མང་བྱོན་པ་སོགས་ངོ་མཚར་གྱི་མཚན་རྟགས་དུ་མས་བརྒྱན་པའོ། །དེ་ནས་ལོ་ཤས་རིང་གྲྭ་རྒྱལ་མཚན་སོགས་ཀྱིས་དགོན་དུ་བསྐང་གསོ་རེ་བཏོན་པ་དང་ཡུལ་མི་སོ་སོའི་འདོད་པ་ལྟར་ཆོ་ག་ཅི་རིགས་ཀྱིས་རེ་བ་ཇི་བཞིན་བསྐངས། རྒྱལ་ཁབ་ཀྱིས་དགོན་པ་ཉམས་ཉེས་བྱུང་ཚབ་སྒོར་ཆིག་ཁྲིི་ཉིས་སྟོང་བདུན་བརྒྱ་ཐམ་པ་གནང་བར་བརྟེན་ནང་རྟེན་དུས་གསུམ་སངས་རྒྱས་གཙོས་སྨན་འདམ་གྱི་སྐུ་ཆེ་ཆུང་བརྒྱད་ཙམ་བཞེངས། ཁོང་ཉིད་སྐུ་ཚེའི་འཕེན་པ་རྫོགས་པས་དགོན་འདི་ལོ་མང་གཟིགས་སྐྱོང་མེད་པར་ལུས་མཐར་དཀར་མཛེས་རྫོང་ཆོས་ལུགས་ཅུས་ཀྲང་གེ་སར་ལགས་ཀྱིས་སྡེ་དགེ་ཆོས་ལུགས་ཅུས་སོགས་འབྲེལ་ཡོད་སྡེ་ཁག་ལ་དགོན་འདིར་གཟིགས་སྐྱོང་ཆེད་ཆོས་རྒྱུད་གཅིག་པའི་བླ་སྐུ་ཞིག་མངག་གཏོང་རེ་འདོད་བཅོལ་བ་བཞིན། སྨོན་རྒྱལ་ལྷ་སྲས་མཆོག་གིས་ཕྱི་ལོ་༡༩༩༢་ལོ་ནས་རྒྱལ་བའི་བཀའ་འགྱུར་དབུ་བཙུགས་པ་ནས་མཐར་ལེགས་གྲུབ་མ་བྱུང་བར་གྱི་ཕྱག་རོགས་མཁན་ཚེ་དབང་དངོས་གྲུབ་མཆོག་ལ་གཡུང་དྲུང་གླིང་གི་བསྟན་པ་ཁྱེད་ཀྱིས་སྐྱོངས་དགོས་པའི་བཀའ་མཆིད་གང་མང་གནང་བ་དང་། ཕྱི་ལོ་༢༠༠༡ལོར་གོ་ལམ་གཡུང་དྲུང་གླིང་དུ་ལྷ་སྲས་སྟོན་འཁོར་བཅས་ཕེབས་ཐོག་གོ་ལམ་ཡུལ་མི་མགོ་གཙོ་ཁག་གཅིག་དང་། སྨོན་རྒྱལ་ལྷ་སྲས་དང་རྒྱལ་སྲས་དབུས་པའི་བླ་དབུ་ཆོས་གསུམ་བཀའ་གྲོས་ནན་པོས་ཏྲེ་ཤོད་གོ་ལམ་གཡུང་དྲུང་གླིང་གི་བསྟན་པ་བདག་གིར་གནང་དགོས་པའི་རེ་ཞུ་ལྟར་ད་བར་མཁན་ཚེ་དབང་དངོས་གྲུབ་ཀྱིས་ཆོས་སྲིད་གཉིས་ཐད་ནས་འགན་གཙོ་བཞེས་བཞིན་བཞུགས།ཕྱི་ལོ་༢༠༠༢་ཟླ་བ་༣་པའི་ཚེས་༢༢ཉིན་དུས་ཡུན་རིང་བ་དང་ཁང་བདག་གཉེར་བྱེད་མཁན་སོགས་མེད་རྐྱེན་གྱིས་གཙུག་ལག་ཁང་སྟེང་འོག་བཅས་ཀ་མིག་བཅུ་དྲུག་ཙམ་བརྡིབས་ཀྱང་། བེ་རི་དགོན་དུ་རྒྱལ་སྤྱིའི་རིག་གནས་འཕེལ་རྒྱས་ཀྱི་ཀུན་ཕན་ཚོགས་པས་ཉམས་གསོ་བྱེད་བཞིན་པ་དང་སྐབས་ཁེལ་བས་ཚོགས་པའི་མགོ་འཛིན་ལ་རེ་ཞུ་བྱས་པས་དང་ལེན་བྱུང་བ་བཞིན། ཚེས་༡༣བཟའ་པ་སངས་སྣར་མ་ས་གཉིས་ནང་འཕྲད་ཀྱི་དུས་ཉམས་གསོ་བྱེད་པའི་རྟེན་འབྲེལ་གྱི་དབུ་བརྩམས།ཤིང་སྤྲེལ་ཏེ་ཕྱི་ལོ་༢༠༠༤་ལོར་དགུ་གཏོར་གྱི་དུས་མཆོད་ཆེན་མོ་གསར་དུ་བཙུགས། ཕྱི་ལོ་༢༠༠༥་ཟླ་བ་༨་པའི་ཚེས་༡༢ལ་གཙུག་ལག་ཁང་གོང་འོག་བར་གསུམ་ཚོན་དང་བཅས་པ་ཉམས་པ་སླར་གསོས། བོད་ས་གླང་སྟེ་ཕྱི་ལོ་༢༠༠༩་ཟླ་བ་༢་པའི་ཚེས་༡༥ཉིན་སྨོན་དབོན་བསྟན་འཛིན་རྣམ་གྲོལ་གཙོས་གྲྭ་ཆུང་ཁག་གཅིག་བསྡུས་ཏེ་ཡི་གེ་འབྲི་ཀློག་བསླབ་པའི་དབུ་བརྩམས་ཏེ་ན་བཟའ་དང་གསོལ་ཆས་སོགས་གཏན་དྲངས་བྱས། ཟླ་བ་༧པའི་ཚེས༧་ཉིན་གྲྭ་ཆུང་རྣམས་ལ་གྲྭ་གོས་ཆ་ཚང་ཕུལ། ཟླ་བ་དེའི་ཚེས༡༠་ཉིན་རྒྱལ་དབང་ཀུན་གྲོལ་གྲགས་པའི་འཁྲུངས་མཆོད་ཐོག་མར་བཙུགས་ཏེ་དྲན་པ་ཡབ་སྲས་ཀྱི་ཚོགས་འཁོར་རྒྱས་འབུལ་ཞུས་ཏེ་འདི་ནས་བཟུང་སྟེ་གོ་ལམ་གཡུང་དྲུང་གླིང་གི་བསྟན་པ་འདུལ་དགོན་གཙང་མ་ཞིག་ཏུ་བསྒྱུར་བའི་དགའ་སྟོན་རྟེན་འབྲེལ་བྱས།ཕྱི་ལོ་༢༠༡༠་ཟླ་བ་༡ཚེས་༢༥ལ་ཧ྄ུྃ་ཆེན་བླ་མའི་འདས་མཆོད་ཐོག་མ་ཚུགས་པར་དགའ་སྟོན་རྟེན་འབྲེལ་ཞུས། ལྕགས་ཡོས་ཏེ་ཕྱི་ལོ་༢༠༡༡ལོའི་ཟླ་བ་༤པའི་ཚེས༣༠ཉིན་གཡུང་དྲུང་གླིང་གི་སྐོར་ཁང་འཁོར་ལོ་ལ་སྒྲིབ་སྦྱོང་སྐོར་བཞི་དོ་བོ་བཞི་བརྒྱ་དང་གཞན་དགོན་སྡེ་བཅས་ལ་དུང་འཁོར་བཞི་བཅས་དཔར་དུ་བསྐྲུན། ཟླ་བ་༥་པའི་ཚེས་༣་ཉིན་རྒྱལ་དབང་ཀུན་གྲོལ་གྲགས་པའི་ཕྱག་སྲོལ་ལྟར་ཡབ་མྱེས་རིག་གཞུང་སྲོལ་བཟང་རྒྱུན་སྐྱོང་ཚོགས་པ་ཞིག་དབུ་བརྩམས་ཏེ། པོད་དང་པོ་མདོ་གཡུང་དྲུང་ཀློང་རྒྱས་ཚར་༥༠༠དང་གཉིས་པ་རིགས་སྔགས་རྒྱལ་མོའི་སྒྲུབ་སྐོར་ཕྱག་ལེན་ཨར་དར་ཤ་བཅས་ཚར༥༠༠བསྟན་འགྲོའི་དོན་དུ་དཔར་བསྐྲུན་བྱས་པས་ད་བར་པོད་བཅོ་ལྔར་དཔར་བསྐྲུན་ཟིན། ཆུ་འབྲུག་སྟེ་ཕྱི་ལོ་༢༠༡༢་ཟླ་༧ཚེས་༣༠་ཉིན་རྒྱལ་བའི་བཀའ་འགྱུར་ལ་པོད་༡༧༨ཅན་ཀོང་པོ་ནས་འདས་མ་ཞིག་གི་དགེ་སྐལ་བསྔོ་ཞུས་བྱུང་བས་དགོན་དུ་བཞུགས་སུ་གསོལ། ལོ་དེའི་ཟླ་བ་༨་པའི་ཚེས་༡༩་ཉིན་རྒྱལ་དབང་ཀུན་གྲོལ་རིན་པོ་ཆེའི་འདས་མཆོད་ཐོག་མར་ཚུགས་པས་དགའ་སྟོན་རྟེན་འབྲེལ་ཞུས། ཤིང་རྟ་སྟེ་ཕྱི་ལོ་༢༠༡༤ལོའི་ཟླ་བ་༧་པའི་ཚེས་༡༠ཉིན་རྒྱལ་དབང་ཀུན་གྲོལ་འཁྲུངས་མཆོད་དང་བསྟུན་གཙུག་ལག་ཁང་གི་འཁོར་ཆུང་དྲུག་ཅུ་འཛུགས་མགོ་འཛིན། འཁོར་ཆུང་འཛུགས་པའི་ཤིང་དང་ཤིང་བཟོའི་གླ་ཆ། བར་ཁང་ཀ་མིག་བཞི་ལ་ཤིང་ཆོད་དང་ཚོན་སོགས་ནང་གི་ཀ་རིང་གཉིས། ཀ་ཐུང་བཅུ་བཞིར་ཟ་འོག་གི་ཀ་འཕེན་དང་གདུགས་གཅིག །རྒྱལ་མཚན་གཉིས། རོལ་མོ་བཟང་ཤོས་ཆ་དྲུག །ཟངས་ཀོང་བརྒྱ་རྩ། རག་ཀོང་ཆེ་ཆུང་ཉེར་ལྔ། ཐང་སྐུ་ཆེ་ཆུང་བཞི་བཅུ། གསེར་སྐུ་ཁ་ཤས། མཎྜལ་སོགས་མཆོད་ཆས་རིགས། བཀའ་འགྱུར་ཆ་གསུམ་གཙོས་པའི་གསུང་རབ་སྐོར་པོད་ཆིག་སྟོང་ལྷག  །འབོལ་གདན་ཉི་ཤུ། རྐྱང་གདན་གྲིམ་ཙེ་བཞི་སྣོད་སྤྱད་སོགས་ཅི་རིགས་སྒོར་ཁྲི་བཅུ་གསུམ་དང་བདུན་སྟོང་ཙམ་གྱིས་བླུས་ཏེ་རྟེན་བཞག་བགྱིས།ཕྱི་ལོ་༢༠༡༥་ཟླ་བ་༦པའི་ཚེས་༡༥ཉིན་གཡུང་དྲུང་གླིང་གི་གྲྭ་ཆུང་དྲུག་སྦྱང་གྲྭ་མཐར་ཕྱིན་ནས་སྨོན་རྒྱལ་མཁན་པོ་པདྨ་ཚེ་དབང་ལ་བཅོལ་ཏེ་རྔ་ཡུལ་སྣང་ཞིག་བཤད་སྒྲུབ་སློབ་གླིང་དུ་གྲྭ་སར་ཁོང་རྣམས་ལྷན་དུ་བཏང་། ཟླ་རེར་སྒོར་བརྒྱ་རེ་འཚོ་རྟེན་དུ་ཕུལ།མེ་བྱ་སྟེ་ཕྱི་ལོ་༢༠༡༧ལོའི་ཟླ་བ་༤པའི་ཚེས་༢༨ཉིན་མགོ་བརྩམས་ཏེ་གཡུང་དྲུང་གླིང་གི་གཙུག་ལག་ཁང་གི་ཁང་ཐོག་ཡོངས་ལ་དེང་གི་འགྲོས་དང་བསྟུན་ཏེ་གསེར་གྱི་རྒྱ་ཕིབས། ཏོག་རྒྱལ་མཚན། རི་དྭགས་ཕོ་མོ་ཆོས་འཁོར་བཅས་དང་འབྲུག་མགོ་བཞི་ནོར་བུ་བརྒྱད་གཡུང་དྲུང་བཀོད་ལེགས་དབྱིབས་ཅན་གྱི་བསང་ཁང་ལ་སོགས་བཞེངས་སུ་གྲུབ་པར་བགྱིས། འགྲོ་སོང་ཁྱོན་བསྡོམས་དམངས་སྒོར་ཁྲི་བཅོ་བརྒྱད་དང་སྟོང་དགུ་ཡིས་ལེགས་གྲུབ་བྱུང་། ཏོག་དང་རྒྱལ་མཚན་སོགས་ལ་རྒྱལ་དབང་ཀུན་གྲོལ་གྲགས་པར་གཏེར་སྟོན་ལ་སྔ་བ་ཨ་ཙར་མི་མཆོག་རྣམ་གསུམ་གྱིས་ཞལ་རླངས་ཡོལ་མེད་གནང་བཞིན་བཀའ་གཏད་རྗེས་གནང་མཛད་པ་བཞིན། རྟེན་ལ་གཟུངས་གཞུག་འབུལ་བ། བོན་སྐུ་དོན་གྱི་རིང་བསྲེལ་གཟུངས་འབུམ་རིན་ཆེན་སྤུངས་པ་ཕུལ། འབུལ་ཚུལ་གཡའ་བྲལ་ཤེལ་གྱི་མེ་ལོང་ལྟར་གཟུངས་རྫས་སོགས་ཞང་བོད་རིག་འཛིན་པཎ་གྲུབ་བཅས་ཀྱི་བྱིན་རླབས་དམ་རྫས་སྲིད་ན་དཀོན་པའི་རིགས་དང་། རྒྱ་དཀར་ནག་ཞང་བོད་བཅས་ཀྱི་ས་སྣ་ཆུ་སྣ་ལ་སོགས་མ་ནོར་བར་འབུལ་བྱེད་ཚིག་བཤད་ཚངས་པའི་ང་རོ་བཀྲ་ཤིས་བྱིན་རླབས་ཆར་འབེབས་དང་བསྒྲགས། མངའ་དབུལ་རབ་གནས་བཀྲ་ཤིས་སྨོན་ལམ་བཟང་པོས་མཐར་བརྒྱན་པར་བྱས་ཏེ་ལེགས་པར་གྲུབ།སྒྲུབ་མཆོད་ཀྱི་སྐོར། ཧོར་ཟླ་དང་པོའི་ཚེས་གཅིག་ནས་བཅོ་ལྔའི་བར་སྤྲུལ་སྐུ་མི་ཤིག་རྡོ་རྗེའི་སྙན་རྒྱུད་ལས་བྱུང་བའི་སྒྲིབ་སྦྱོང་བུམ་སྒྲུབ་དང་། སྤྲུལ་སྐུ་ཀུན་གྲོལ་གྲགས་པའི་ཐུགས་གཏེར་ལས་བརྡོལ་པའི་བླ་མ་དགོངས་པ་ཀུན་འདུས་སམ་སིདྷི་བུམ་སྒྲུབ་བཅས་བདུན་ཕྲག་རེ་རེ་ཉིན་མཚན་བར་མེད་གྲུབ་ནས་ཚེས་བཅོ་ལྔ་ཉིན་ཕྱི་དབང་ནང་དབང་མཛད་ནས་སྡེ་འབངས་ཡོངས་ལ་དམ་རྫས་བཀྱེས། ཚེས་༡༦ཉིན་ཡུལ་ལྷ་དགེ་བསྙེན་མུ་རར་བསང་མཆོད་འགྲོ་བ་དང་བསང་བརྒྱ་བརྔན་བཅས་མཛད་སྲོལ་ཡོད། ཚེས་༢༥་ཉིན་ཀུན་གྲོལ་ཧཱུྃཿ་ཆེན་བླ་མའི་དགོངས་རྫོགས་ལྔ་མཆོད་ལ་བླ་ཆེན་ཡབ་སྲས་ཀྱི་ཚོགས་དང་མར་མེ་རྒྱས་འབུལ། ཧོར་ཟླ་བཞི་པའི་ཚེས་༡༡ཉིན་བཅའ་གཞི་དང་རྒྱལ་དབང་ཀུན་གྲོལ་ཆེན་པོའི་དགོངས་པའི་གཏེར་ལས་བརྡོལ་བའི་ཞི་ཁྲོ་དགོངས་འདུས་རྒྱས་འབྲིང་བསྡུས་གསུམ་ཉིན་གསུམ་འཚོགས། ཚེས་༡༥ཉིན་ལྕང་རིང་ཆུ་འདའ་ལ་གསུར་དང་མཆོད་གཏོར་བྱས་ཏེ་ཉ་རྒྱར་ལུང་གདོང་མན་དང་གོ་ལམ་ཆུ་འདབ་ཡན་གྱི་ཉ་མོ་རྔོན་མི་ཆོག་པའི་དམ་བཅའ་དང་ཐ་ཚིག་བསྒྲགས། ཧོར་ཟླ་བདུན་པའི་ཚེས་༡༠་ལ་བསྟན་པ་ཕྱི་དར་གྱི་སྐབས་བསྟན་འགྲོ་ཡོངས་ལ་ཆེས་བཀའ་དྲིན་ཆེ་བའི་སྐྱེས་མཆོག་རྒྱལ་དབང་ཀུན་གྲོལ་གྲགས་པ་ས་གསུམ་ན་འགྲན་ཟླ་མ་མཆིས་པ་ཁོང་གི་འཁྲུངས་མཆོད་ཆེན་མོར་དྲན་པ་ཡབ་སྲས་ཀྱི་ཚོགས་དང་མར་མེ་ལ་སོགས་མཆོད་པའི་རིགས་རྒྱས་འབུལ་མཛད་རྒྱུ། ཧོར་ཟླ་དགུ་པའི་ཚེས་༡༩་ལ་རྒྱལ་བ་གཉིས་པ་རྣམ་མཁྱེན་ཀུན་གྲོལ་གྲགས་པའི་དགོངས་རྫོགས་ཀྱི་དུས་ཁྱད་པར་ཅན་ལ་རྒྱལ་དབང་ཆེན་པོ་ཁོང་གི་དགོངས་པའི་གཏེར་ཆེན་ལས་བརྡོལ་བའི་མཁའ་འགྲོ་དགོངས་འདུས་གསང་བ་ཡེ་ཤེས་ཚོགས་བསྐང་རྒྱས་འབུལ་ཞུ་རྒྱུ། ཧོར་ཟླ་༡༢པའི་ཚེེས་༡༥་ནས་བཟུང་སྤྲུལ་སྐུ་སངས་རྒྱས་གླིང་པའི་སྙན་རྒྱུད་ལས་བྱུང་བའི་གནས་བརྟན་བཅུ་དྲུག་གི་ཆོ་ག་ཉིན་འཚོགས་གསུམ། སྤྲུལ་སྐུ་ཀུན་གྲོལ་གྲགས་པའི་དགོངས་གཏེར་ལས་བྱུང་བའི་ཞི་ཁྲོ་དགོངས་འདུས་ཉིན་འཚོགས་གསུམ། སྤྲུལ་སྐུ་ཀྱུ་རའི་གཏེར་བྱོན་སྟག་ལ་སྤུ་གྲི་དམར་ནག་གི་སྒྲུབ་པ་ཉིན་འཚོགས་གསུམ། རྒྱལ་དབང་ཀུན་གྲོལ་ཆེན་མོའི་དགོངས་གཏེར་ལས་བྱུང་བའི་མ་གཅིག་དཔལ་ལྡན་ལྷ་མོའི་སྒྲུབ་ཆེན་ཉིན་བདུན་འཚོགས་ཏེ་ཚེས༢༩་ལ་དགུ་གཏོར་རྒྱག་རྒྱུ། ཚེས་༣༠ཉིན་གསུང་རབ་རྡུལ་སྤྲུག་དང་ཞལ་ཕྱེ་མཛད་པ་བཅས་སྔོན་བྱོན་རིག་འཛིན་གོང་མ་རྣམས་ཀྱི་མཛད་པ་ཇི་བཞིན་བཀོད་པས་རྗེས་འཇུག་བུ་སློབ་ཡོངས་ཀྱི་དད་འདུན་གཙང་མའི་རྗེས་སུ་འབྲང་ཤེས་པ་མཛད་གལ་ཆེ།ད་ལྟར་གོང་ལམ་གཡུང་དྲུང་གླིང་དགོན་གྱི་བསྟན་བདག་ཚེ་དབང་དངོས་གྲུབ་ཀྱིས་དགོན་འདིའི་ལོ་རྒྱུས་ཀྱི་ས་བོན་ཕུལ་བར་གཞིར་བཞག་ནང་བསྟན་གསལ་མེ་དང་པད་དཀར་ཕྲེང་བ་ལས་ལེགས་ཆ་བསྡུས་ཏེ་ཕྱི་ལོ་༢༠༡༧་༡༢་༡༨་ཉིན་དཀར་མཛེས་དགོན་དུ་སེར་བྱེས་དགེ་བཤེས་ཡ་མ་བསོད་ནམས་ཀྱིས་སུག་ལས་བཏབ་པའོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1