༄༅།།བོན་ཆོས་ཀྱི་འཕེལ་རིམ་དང་ད་ལྟའི་གནས་བབ།

སྐལ་བཟང་རྒྱལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཧི་མ་ལའི་བོན་གྱི་དྲ་བ་ལས་དྲངས། སྤེལ་དུས། 09-29


  བོན་ཆོས་ནི་མདོ་དབུས་མཐོ་སྒང་རང་ས་རང་ཡུལ་ནས་བྱུང་ཞིང་ད་ལྟའི་བར་དུ་རྒྱུད་འཛིན་བྱུང་བའི་གནའ་བོའི་ཆོས་ལུགས་ཤིག་ཡིན་པའི་ཆ་ནས། ལོ་རྒྱུས་ཡུན་རིང་ལྡན་པ་མ་ཟད། སྙན་གྲགས་ཀྱི་བ་དམ་ཕྱོགས་ཀུན་གཡོ་བའི་བོན་པོའི་དགོན་སྡེའང་གང་མང་ཡོད། ད་ལྟ་ང་ཚོས་བོན་ཆོས་ཕྱི་དར་སྐབས་དང་དེའི་རྗེས་སུ་བཞེངས་པའི་མཚོན་བྱེད་རང་བཞིན་ལྡན་པའི་དགོན་སྡེ་འགའ་ངོ་སྤྲོད་ཉུང་བསྡུས་ཤིག་བྱེད། བོད་ཡིག་ཡིག་ཆ་ཁག་ཏུ་བཀོད་པ་ལྟར་ན། བོན་གྱི་གཏེར་སྟོན་ཆེན་མོ་གཤེན་ཆེན་ཀླུ་དགའི་སློབ་མ་བྲུ་ཡི་རྗེ་བཙུན་གཡུང་དྲུང་བླ་མས་གཡས་རུ་དབེན་སའི་དགོན་པ་བཏབ་ལ། དེ་ནི་བོན་ཆོས་སྒྲུབ་སྦྱོང་བྱ་ཡུལ་གྱི་གནས་གཙོ་བོ་ཞིག་ཏུ་གྱུར། དུས་སྐབས་དེའི་རིང་དགོན་སྡེ་དེ་དར་རྒྱས་ཆེན་པོ་བྱུང་བས། བོན་པོའི་བླ་སྤྲུལ་མཁས་ཆེན་གང་མང་གསོ་སྐྱོང་གནང་། སྤྱི་ལོ་༡༣༨༦ ལོར་ཤ་འོད་བྱུང་བས་དགོན་པ་བསྣུབས་པ་དང་། དེའི་རྗེས་སུ་གཡས་རུ་དབེན་ས་ཁའི་དགོན་པ་བསྐྱར་འཛུགས་བྱེད་ཐུབ་མེད་པ་རེད།  གཤེན་ཆེན་ཀླུ་དགའི་སློབ་བུ་གཞན་པ་མཚན་ལ་ཞུ་ཡས་ལེགས་པོ་བྱ་བས། དུས་རབས་༡༡ ཡས་མས་ཀྱི་ནང་དུ། ཡང་བོན་གྱི་སྔགས་དགོན་ཀུན་ཁྱབ་གླིང་ཞེས་པ་བཏབ་པ་དང་། དགོན་པ་དེ་ནི་རྫོགས་ཆེན་སྒྲུབ་སྦྱོང་བྱ་ཡུལ་གྱི་ལྟེ་གནས་ཤིག་ཡིན། གཤེན་ཆེན་ཀླུ་དགའི་སློབ་བུ་གཙོ་བོ་སྤ་སྟོན་དཔལ་མཆོག་བཟོས་པོས། བོན་གྱི་སྔགས་སྡེ་དར་སྤེལ་གཏོང་ཆེད། སྒྲུབ་སྦྱོང་ཉམས་ལེན་བྱ་ཡུལ་གྱི་གནས་ཡུལ་སྟབས་བདེ་ཞིག་བསྐྲུན་པ་དང་། རྨང་གཞི་དེའི་སྟེང་དུ་རིམ་བཞིན་འཕེལ་རྒྱས་བཏང་། མཇུག་མཐར་སྐད་གྲགས་ཅུང་ཆེ་བའི་ཆེད་དུ་བོན་གྱི་སྔགས་ཆོས་ཉམས་ལེན་བྱ་ཡུལ་གྱི་ལྟེ་གནས་ཤིག་ཏུ་གྱུར། དུས་རབས་༡༡ ཡས་མས་སུ། ད་དུང་ཡང་མཚན་ལ་མཁས་པ་དཔལ་ཆེན་བྱ་བའི་བོན་གྱི་མཁས་གྲུབ་ཆེན་མོ་ཞིག་གིས། སྐད་གྲགས་ཆེ་བའི་བཟང་པོ་རིའི་དགོན་པ་བཏབ། དགོན་སྡེ་དེ་ནི་ཆེད་དུ་བོན་གྱི་སྲོལ་རྒྱུན་མཚན་ཉིད་རིག་པ་སློབ་གཉེར་བྱ་ཡུལ་ཞིག་ཡིན། གོང་གི་བོན་གྱི་དགོན་སྡེ་བཞིའམ་སྒྲུབ་གནས་ཆེན་པོ་བཞི་ནི། ཆ་ཚང་གཙང་ཕྱོགས་ཀྱི་གཞིས་ཀ་རྩེ་ས་ཁུལ་དུ་ཡོད། དགོན་པ་སོ་སོས་ཉམས་ལེན་བྱེད་ཕྱོགས་མི་འདྲ་བ་ལས། གཡས་རུ་དབེན་སའི་དགོན་པ་དང་སྤ་སྟོན་དཔལ་མཆོག་བཟོས་པོས་བཏབ་པའི་གསང་སྔགས་ལྟེ་གནས་གཉིས་ཀྱིས། གཙོ་བོ་སེམས་ཕྱོགས་དང་བསམ་གཏན་སྒྲུབ་སྦྱོང་ལག་ལེན་གྱི་སྐོར་གཙོ་བྱེད། དུས་རབས་བཅུ་བཞི་བའི་མཇུག་ནས་བཟུང་། བོན་གྱི་སྒྲུབ་གནས་དེ་དག་བཞི་པོ་རིམ་བཞིན་ཉམས་རྒུད་དུ་གྱུར་བས། མིག་སྔར་བཟང་པོ་རི་སོགས་བསྐྱར་བཞེངས་བྱས་ཡོད་པ་ལས། གཞན་པ་དག་ལ་རྗེས་ཤུལ་ཙམ་ལས་ལྷག་མེད།

   ནང་བསྟན་ཕྱི་དར་གྱི་དུས་འགོ་བཙུགས་པའི་བོན་དགོན་དག་སྔ་གཞུག་ཏུ་ཉམས་རྒུད་བྱུང་རྗེས། སླར་ཡང་བསྐྱར་དར་གྱི་དུས་རིམ་ཞིག་བསུས། དུས་རབས་༡༤ པར། སི་ཁྲོན་རྒྱ་རོང་ས་ཁུལ་དུ་བོན་གྱི་བླ་ཆེན་གྲགས་ཅན་ཞིག་བྱུང་། ཁོང་ནི་བོན་གྱི་ལོ་རྒྱུས་སྟེང་དུ་གོ་གནས་ཆེན་པོ་ཡོད་པའི་རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་མཆོག་ཉིད་རེད། (སྤྱི་ལོ་༡༣༥༦ ?སྤྱི་ལོ་༡༤༡༥)རྗེ་མཉམ་མེད་ཆེན་མོ་རྒྱ་རོང་ས་ཁུལ་ནས་བོད་ལྗོངས་གཞིས་ཀ་རྩེ་རུ་ཕེབས་ནས། རང་ཉིད་ཀྱིས་སྒྲུབ་སྦྱོང་བྱེད་པའི་ཞོར་ཏུ་བོན་ཆོས་དར་སྤེལ་བཏང་སྟེ། སྤྱི་ལོ་༡༤༠༥ལོར་སྨན་རི་དགོན་པ་བཏབ། དགོན་པ་དེ་ནི་ད་ལྟའི་གཞིས་ཀ་རྩེ་ས་ཁུལ་གྱི་རྣམ་གླིང་རྫོང་གི་མངའ་ཁོངས་སུ་ཡོད། སྨན་རི་དགོན་ནི་བོད་ཁུལ་སྤྱི་ན་སྙན་གྲགས་ཆེ་བ་མ་ཟད། བོན་གྱི་དགོན་སྡེ་ཁག་ལས་ཀྱང་དགོན་པ་ཆེས་སྔ་མོར་བརྩི། མིག་སྔར། སྨན་རི་དགོན་དུ་སྔར་བཞིན་ཆོས་རྒྱུན་མ་ཉམས་པར་གནས་པ་དང་། དེང་དུས་གཙང་ཕྱོགས་ས་ཁུལ་ལམ་བོད་ལྗོངས་གཞིས་ཀ་རྩེ་ས་ཁུལ་དུ་སྙན་གྲགས་ཆེན་པོ་ལྡན་པའི་བོན་གྱི་དགོན་སྡེ་གཙོ་བོ་ཞིག་ཡིན། བོན་གྱི་མཁས་གྲུབ་ཆེན་མོ་ཟླ་བ་རྒྱལ་མཚན། (སྤྱི་ལོ་༡༧༩༦ ལོར་སྐུ་འཁྲུངས།) དགུང་ལོ་གཞོན་དུས་སྨན་རི་དགོན་ནས་བོན་གཞུང་ཆ་ཚང་སློབ་སྦྱོང་བྱས་མྱོང་། སྤྱི་ལོ་༡༨༣༤ ལོར། ཁོང་གིས་གཙང་ཕྱོགས་ས་ཁུལ་དུ་སྨན་རི་དགོན་གྱི་བུ་དགོན་ཞིག་གསར་བཞེངས་བྱས། དེ་ནི་སྐད་གྲགས་ཆེ་བའི་གཡུང་དྲུང་གླིང་རེད། དགོན་པ་དེའི་མཚན་ཆ་ཚང་ལ་རབ་ལེགས་གཡུང་དྲུང་གླིང་བྱ་བ་དང་། དགོན་པ་དེ་ནི་ད་ལྟའི་བོད་ལྗོངས་གཞིས་ཀ་རྩེ་སྨན་གླིང་རྫོང་གི་རབ་ལེགས་གྲོང་སྡེར་གནས། གཡུང་དྲུང་གླིང་ནི་ད་ལྟ་བོད་ལྗོངས་མངའ་ཁོངས་ཀྱི་ཆེས་ཆེ་བའི་བོན་པོའི་དགོན་པ་གཅིག་ཡིན། དགོན་པ་དེར་རྒྱུན་སྡོད་ཀྱི་གྲྭ་བ་༦༠ ལྷག་ཡོད་པ་དང་། ལོ་རྒྱུས་སྟེང་རྒྱུན་སྡོད་གྲྭ་བ་༥༠༠ ལྷག་ཀྱང་ཡོད་མྱོང་། གཡུང་དྲུང་གླིང་གསར་དུ་བཞེངས་པ་ནས་བཟུང་། སྤྱི་ཚོགས་སྟེང་དུ་སྙན་གྲགས་དང་བག་ཆགས་ཟབ་མོ་བཞག བོད་ལྗོངས་དང་བོད་ཁུལ་ས་ཆ་གཞན་པའི་བོན་གྱི་དགོན་སྡེ་ཁག་གི་མཁན་པོ་ཡང་དགོན་པ་འདིས་མངག་གཏོང་བྱེད་པ་དང་། དགོན་པ་འདི་ནས་ལོ་རེ་རེར་སྤེལ་བའི་ཆོས་གསུང་སྒྲུབ་ཆེན་ཚོགས་པའི་དུས་སྐབས་སུ། བོད་ཁུལ་ས་ཆ་གཞན་པ་ནས་ཕེབས་པའི་དད་ལྡན་མང་ཚོགས་ཁྲི་ཁ་ལྷག་གནས་འདིར་ཕེབས་ནས་ཆོས་ཞུ་སྲོལ་ཡོད།  དེ་མིན། སྨན་རི་དགོན་པའི་ནུབ་ཕྱོགས་ཀྱི་ཐག་མི་རིང་བའི་ས་ན་ཕུར་ནག་གླིང་དགོན་བྱ་བའི་བོན་གྱི་དགོན་སྡེ་ཞིག་ཡོད། སྔོན་མར་དགོན་པ་དེ་དང་སྨན་རི་གླིང་། གཡུང་དྲུང་གླིང་བཅས་ལ་བོན་གྱི་དགོན་ཆེན་གསུམ་ཞེས་འབོད་ལ། དགེ་ལུགས་པའི་དགོན་ཆེན་གསུམ་དང་འགྲན། མིག་སྔར་བོད་རང་སྐྱོང་ལྗོངས་ཀྱི་མངའ་ཁོངས་སུ། གཞིས་ཀ་རྩེ་ཕུད་པའི་གཞན་ད་དུང་བོན་གྱི་དགོན་སྡེ་ཆེས་མང་བའི་ས་ནི་ནག་ཆུ་དང་ཆབ་མདོ་ས་ཁུལ་ཡིན། དེའི་འཕྲོར་སི་ཁྲོན་དང་མཚོ་སྔོན། ཀན་སུའུ། ཡུན་ནན་སོགས་བོད་རིགས་ས་ཁུལ་དུའང་བོན་གྱི་དགོན་པ་མི་ཉུང་བ་ཡོད། ལྷག་པར་དུ་སི་ཁྲོད་རྒྱ་རོང་ས་ཁུལ་དུ་བོན་གྱི་སྟོབས་ཤུགས་ཆེན་པོ་ལྡན། དེ་ཡང་ཐུའུ་བཀན་བློ་བཟང་ཆོས་ཀྱི་ཉི་མས་གསུང་བ་བཞིན། “བོན་གྱི་དགོན་སྡེ། བོད་ན་གཤེན་དར་སྡིང་དང་། རྒྱལ་མོ་རོང་དུ་གཡུང་དྲུང་ལྷ་སྡིང་སོགས་ཡོད་པ་དུས་ཕྱིས་རྒྱ་ནག་གོང་མའི་དམག་གིས་བཤིགས་ནས་ལྷ་སྡིང་དུ་དགའ་ལྡན་བྱ་བའི་དགེ་ལུགས་པའི་དགོན་གསར་འཛུགས་པ་མཛད། བོན་ལུགས་མི་ཆོག་པའི་བཀའ་ཡམ་ཙམ་ཞིག་བསྒྲགས་ནའང་། ད་དུང་རྒྱལ་རོང་དང་ཚ་ཁོ་སོགས་ན་བོན་སྡེ་མང་ཙམ་ཡོད་པར་སྣང་ངོ། །” དེའི་ཐད་ལ་མཁར་རྨེའུ་བསམ་གཏན་ལགས་ཀྱིས་ཀྱང་ཕྱོགས་ཡོངས་ནས་ཞིབ་འཇུག་ཞིབ་ཚགས་ནན་མོ་གནང་ཡོད། ཁོང་གི་འདོད་པ་ལྟར་ན། སྤྱི་ལོ་༡༠༡༧ ལོ་ནས་༡༣༨༦ ལོའི་བར་འཚོ་བ་བདེ་འཇགས་ཡིན་པའི་དུས་འགོ་དང་བསྡུར་ན། དེའི་རྗེས་ཀྱི་དུས་རིམ་རིང་དུ་དཀའ་ངལ་ཆེན་པོ་དང་འཕྲད་ཡོད། དགེ་ལུགས་པས་ཆོས་སྲིད་དབང་ཆར་བརྟེན་ནས་རྒྱལ་སྲིད་སྐྱོང་བའི་རྗེས་སུ། ཆོས་ལུགས་བྱ་འགུལ་ལ་ཐེ་གཏོགས་བྱུང་། རྒྱལ་དབང་སྐུ་ཕྲེང་ལྔ་བས་སྲིད་དབང་སྐྱོང་བའི་སྐབས་སུ། བོན་པོ་དང་ཇོ་ནང་པར་ཐེངས་གང་མང་ལ་གནོད་འཚེ་ཐེབས། བོན་པོའི་དགོན་པ་ཁག་ཁ་ཤས། ལྷག་པར་དུ་ཁྱུང་པོ་ས་ཁུལ་གྱི་བོན་དགོན་དག་དགེ་ལུགས་པར་བསྒྱུར། ཁམས་ཀྱི་བད་རི་ས་ཁུལ་དུ་ཆེས་གནས་ཚུལ་ཚབས་ཆེན་ཞིག་བྱུང་། ཆེས་མི་ལེགས་པ་ཞིག་ལ་བོད་ལྗོངས་ཀྱི་ནང་ཆོས་དབང་བསྒྱུར་མཁན་ཚོས། སོག་པོའི་དམག་དཔུང་བཀོལ་ནས་ཁོ་ཚོའི་ཆོས་ལུགས་ཕྱོགས་ཀྱི་འགྲན་ཡ་རྩ་མེད་བཏང་། འོན་ཀྱང་རྒྱུ་མཚན་ཅི་ཡིན་མི་ཤེས་ཀྱང་། བོན་པོ་ཚོ་ཕྱིར་འབྲོ་ཐུབ་བྱུང་བས། ཇོ་ནང་བ་ཚོའི་ལུས་ཐོག་ཏུ་བབ་པའི་གོད་ཆག་མྱོང་མ་དགོས་པ་རེད། ཇོ་ནང་པའི་གྲྭ་བཙུན་ཆ་ཚང་བོད་ལྗོངས་དཀྱིལ་དབུས་ནས་ཕྱིར་འབུད་བཏང་། ཆོས་དབང་གསར་བས་དབང་བསྒྱུར་བྱེད་པའི་དུས་རིམ་ཡོངས་སུ། གནོད་འཚེ་དེ་ལྟ་བུ་ཡང་ནས་ཡང་དུ་རྒྱུན་མ་ཆད་པར་བྱུང་། འོན་ཀྱང་རྒྱལ་མོ་རོང་ནི་དུས་ནམ་ཡང་བོན་པོའི་གཞི་ས་གཙོ་བོ་ཡིན། ལོ་མང་པོའི་རིང་དུ། གནས་དེ་ནས་མན་ཇུ་རིགས་ཀྱི་བཙན་འཛུལ་འགོག་ཐུབ་པ་བྱུང་། ཁེར་རྐྱང་རོགས་མེད་དུ་གྱུར་བའི་གོང་མ་ཆན་ལུང་རྒྱལ་བོས་དགེ་ལུགས་པའི་བླ་མ་ལྕང་སྐྱ་རོལ་བའི་རྡོ་རྗེར་རོགས་ཞུ་མི་བྱེད་ཐབས་མེད་བྱུང་སྟེ། ཁོང་གིས་ཆོས་ལུགས་ནུས་ཤུགས་ལ་བརྟེན་ནས་འདུལ་ཐབས་དཀའ་བའི་བོན་པོ་དག་ཐག་གཅོད་བྱེད་དགོས་པའི་རེ་ཞུ་གནང་། ཕལ་ཆེར་སྤྱི་ལོ་༡༧༥༥ ལོར། དམག་དཔུང་དེ་ལམ་དུ་ཆས་པ་དང་། དམིགས་ཡུལ་གཙོ་བོ་ནི་རྒྱལ་རོང་པ་ཚོའི་བོན་ཆོས་ཀྱི་དད་སེམས་བསྒྱུར་འདོད་པ་རེད། འོན་ཀྱང་དམིགས་ཡུལ་ལེགས་འགྲུབ་མ་བྱུང་བས། ཁོ་ཚོས་ཆེས་སྙན་གྲགས་ཆེ་བའི་བོན་གྱི་དགོན་སྡེ་གཡུང་དྲུང་ལྷ་སྡང་དགོན་རྩ་མེད་བཏང་། ཕྱིས་སུ་སྔོན་གྱི་ས་གནས་དེར་དགེ་ལུགས་པའི་དགོན་པ་དགའ་ལྡན་དགོན་ཞེས་པ་གསར་བཞེངས་བྱས། ཆན་ལུང་གོང་མས་ད་དུང་བོན་པོ་ཚོས་སྒྲུབ་སྦྱོང་བྱེད་མི་ཆོག་པའི་བཀའ་ཡང་ཕབས། དེ་ལས་ང་ཚོས་མཐོང་བ་ནི་བོན་ཆོས་ནི་བོད་ཀྱི་ཆེས་གནའ་བོའི་ཆོས་ལུགས་ཞིག་ཡིན་པའི་ཆ་ནས། བོད་རིགས་ས་ཁུལ་དུ་མང་ཚོགས་ཀྱི་རྨང་གཞི་བརྟན་པོ་ཡོད་ནའང་། དུས་རབས་བརྒྱད་པ་ནས་བཟུང་། བོན་ཆོས་དེ་ལོ་རྒྱུས་སྟེང་གི་དབང་བསྒྱུར་གྲལ་རིམ་སོ་སོས། ལྷག་པར་དུ་ནང་ཆོས་དབང་བསྒྱུར་མཁན་གྱིས་ནམ་ཡང་རྡུང་རྡེག་བྱ་ཡུལ་གཙོ་བོར་གྱུར་བས། བོད་བརྒྱུད་ནང་བསྟན་ལྟ་བུའི་འཕེལ་རྒྱས་གཏོང་ཡུལ་གྱི་ཁོར་ཡུག་མ་བྱུང་བ་རེད། དེ་བས་བོད་རིགས་ས་ཁུལ་གྱི་ལྟེ་གནས་ས་ཆར་བོན་པོའི་སྟོབས་འབྱོར་དར་རྒྱས་ཆེ་བའི་དགོན་སྡེ་མང་པོ་བཞེངས་མ་ཐུབ། མང་ཆེ་བ་མཐའ་འཁོབ་གྱི་རི་ལུང་ཁུལ་དུ་བཞེངས་ཡོད། ཕུན་ཚོགས་ཚེ་རིང་ལགས་ཀྱིས་སྤྱི་ལོ་༡༩༩༨ ལོར་བརྟག་དཔྱད་བྱས་པ་ལས་མངོན་གསལ་ལྟར་ན། བོད་རང་སྐྱོང་ལྗོངས་ཀྱི་མངའ་ཁོངས་སུ་བོན་གྱི་དགོན་པ་ཁག་༩༢ ཡོད་པ་དང་། དེ་དག་ལས་ཆབ་མདོ་ས་ཁུལ་དུ་དགོན་པ་༥༤ དང་། ནག་ཆུ་ས་ཁུལ་དུ་དགོན་པ་༢༨ ། གཞིས་ཀ་རྩེ་ས་ཁུལ་དུ་དགོན་པ་༦ ། ཉིང་ཁྲི་ས་ཁུལ་དུ་དགོན་པ་༢ ། ལྷ་ས་དང་མངའ་རིས་ས་ཆ་སོ་སོར་དགོན་པ་གཅིག་རེ་བཅས་ཡོད། བོད་ལྗོངས་སུ་ད་ལྟ་བོན་པོའི་གྲྭ་བ་༣༢༩༡ དང་། བླ་མ་༩༣ ། དད་ལྡན་མང་ཚོགས་མི་ཁྲི་༡༣ ལྷག་བཅས་ཡོད་པ་རེད།  ཡིན་ཡང་། བོན་ཆོས་ཁྲོད་ཀྱི་ཆོ་ག་ཕྱག་ལེན་མང་པོ། བོད་ཀྱི་དམངས་ཁྲོད་ཆོས་ལུགས་དད་མོས་ཀྱི་གྲུབ་ཆ་གཙོ་བོར་གྱུར་ཡོད། བཤད་སྟངས་གཞན་ཞིག་བཀོལ་ན། མིག་སྔར་བོད་ཀྱི་དམངས་ཁྲོད་ཆོས་ལུགས་དད་མོས་ཁྲོད་ཀྱི་ཆོས་ལུགས་ཆོ་ག་མང་པོ་དང་བསམ་བློའི་འདུ་ཤེས་མང་པོའི་འབྱུང་ཁུངས་ཕལ་ཆེར་བོན་ཆོས་ཡིན། བོན་ཆོས་རིག་གནས་ཀྱིས་མདོ་དབུས་མཐོ་སྒང་ངམ། ལྷག་པར་དུ་བོད་ཀྱི་རིག་གནས་གོམས་སྲོལ་ཐད་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1