ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 09-29



        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་26ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ཚོགས་འདུའི་ཐོག སྲིད་འཛིན་གྱི་བྱ་གཞག་རང་བཞིན་གྱི་གྲོན་བསྡུ་དང་ཁག་ཐེག་དངུལ་ཁག་གཅིག་དུས་མཚམས་རང་བཞིན་གྱི་སྒོ་ནས་འགྱངས་འཇལ་ཆོག་པར་བྱས་ཏེ་ཁྲོམ་རའི་བྱེད་པོའི་ཁུར་པོ་ཡང་དུ་གཏོང་རྒྱུ་དང་དཀའ་ངལ་སེལ་རྒྱུའི་གཏན་འབེབས་བྱས་པ་དང་། སྲིད་དོན་ཞབས་ཞུའི“ཞིང་ཆེན་བསྒྲལ་ནས་ཀུན་སྒྲུབ”ལས་དོན་སྤེལ་རྒྱ་དང་ཕན་འབྲས་ཆེ་རུ་གཏོང་ཐབས་ལག་བསྟར་ལ་སྐུལ་འདེད་བཏང་སྟེ། ཁྲོམ་རའི་གསོན་ཤུགས་འཕེལ་བར་བྱ་རྒྱུ་དང་མང་ཚོགས་ཀྱི་འཚོ་བར་སྟབས་བདེ་བསྐྲུན་རྒྱུ་བཀོད་སྒྲིག་བྱས་པ། སྟོན་འབྲུ་བརྔ་བསྡུ་དང་ཞིང་ལས་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་ཐབས་ལ་དམ་འཛིན་ཡག་པོ་བྱས་ཏེ། སྟོན་བསྡུ་མཛོད་འཇུག་ཐུབ་པའི་འགན་ལེན་བྱས་ནས་ཞིང་ལས་ཐོན་སྐྱེད་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུ་བཀོད་སྒྲིག་བྱས་པ། སྲིད་ཇུས་ཀྱིས་རྒྱབ་སྐྱོར་དང་ཚོང་ལས་ཅན་གྱི་གཉེར་སྐྱོང་བྱེད་པའི་མི་སྒེར་གྱི་རྒན་གསོའི་དངུལ་ཐད་ཁྲལ་བསྡུ་གཟིགས་སྐྱོང་བྱས་ནས་སྣ་མང་ཅན་གྱི་དགོས་མཁོ་བསྐང་རྒྱུ་གཏན་འཁེལ་བྱས་པ། 《ཁེར་རྐྱང་བཟོ་ཚོང་དུད་ཚང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་སྲོལ་ཡིག(མ་ཟིན)》ལ་གྲོས་འཆམ་བྱས་པ་རེད།

        ཚོགས་འདུའི་ཐོག འཕར་ཚད་བརྟན་པོ་དང་། ལས་ཞུགས་བརྟན་པོ། དམངས་འཚོར་འགན་ལེན་བཅས་ཀྱི་འགག་རྩ་དེ་ཁྲོམ་རའི་བྱེད་པོར་འགན་ལེན་བྱ་རྒྱུར་ཐུག་ཡོད། དེས་ན་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལག་བསྟར་གྱིས་ཁྲོམ་རའི་བྱེད་པོ་སྤྱི་དང་ལྷག་པར་དུ་ཁེ་ལས་འབྲིང་ཆུང་ཕྲན་གསུམ་དང་། ཁེར་རྐྱང་བཟོ་ཚོང་དུད་ཚང་། བཟོ་སྐྲུན་ལས་རིགས་བཅས་ཀྱི་དཀའ་ངལ་ཆེ་བའི་དོན་དངོས་ལ་དམིགས་ཏེ། དཀའ་ངལ་སེལ་རོགས་བྱེད་ཤུགས་ཆེ་རུ་བཏང་ནས་དཔལ་འབྱོར་བརྟན་ཐོག་ལེགས་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། དུས་ཚིགས་བཞི་པར་གྲོན་དངུལ་ཁག་གཅིག་སླར་ཡང་འགྱངས་འཇལ་ཆོག་པར་བྱ་རྒྱུ་སྟེ། གཅིག་ནས་རྨོ་ཞིང་གསར་སྦོལ་གྲོན་དངུལ་དང་བཙོག་ཆུ་དང་འཚོ་བའི་གད་སྙིགས་གཙང་སེལ་གྲོན་དངུལ་སོགས་སྲིད་འཛིན་གྱི་བྱ་གཞག་རང་བཞིན་གྱི་གྲོན་དངུལ་ཁག་14འགྱངས་འཇལ་ཆོག་པར་བྱ་རྒྱུ་དང་། གཞི་ཁྱོན་སྒོར་དུང་ཕྱུར་530ལྷག་ཙམ་ཟིན་པར་བྱ་རྒྱུ། འགྱངས་ཆད་དངུལ་མི་བསྡུ་རྒྱུ། དེ་བཞིན་ས་གནས་ཁག་གིས་ས་གནས་ཀྱི་ཁེ་ལས་དང་འབྲེལ་བ་ཡོད་པའི་སྲིད་འཛིན་གྱི་བྱ་གཞག་རང་བཞིན་གྱི་གྲོན་བསྡུ་འགྱངས་འཇལ་ཆོག་པར་བྱ་རྒྱུ་དང་གླ་རིན་གང་བྱུང་བསྡུ་རིགས་གཏན་འགོག་བྱ་རྒྱུའི་སྐུལ་མ་གཏོང་རྒྱུ་དང་། གཉིས་ནས་ལས་གྲྭའི་རྣམ་གྲངས་ཀྱི་སྤུས་ཚད་ཁག་ཐེག་དངུལ་འགྱངས་འཇལ་ཆོག་པར་བྱ་རྒྱུ་དང་གཞི་ཁྱོན་ཧ་ལམ་སྒོར་དུང་ཕྱུར་630ཟིན་པར་བྱ་རྒྱུ། གསུམ་ནས་འགན་འཁྲི་དོན་འཁྱོལ་བྱས་ཏེ། གང་བཤད་པ་དེ་བྱེད་པ་དང་གང་བྱས་པ་དེ་གྲུབ་པར་བྱས་ནས་ཁྲོམ་རའི་བྱེད་པོར་ཕན་ཐོགས་པའི་འགན་ལེན་བྱ་རྒྱུ་བཅས་ཡིན་ཞེས་བསྟན་པ་རེད།

        ཚོགས་འདུའི་ཐོག སྲིད་དོན་ཞབས་ཞུའི“ཞིང་ཆེན་བསྒྲལ་ནས་ཀུན་སྒྲུབ”ནི“གློད་སྡོམ་ཞབས”གསུམ་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཡིན། དེས་ལས་དོན་སྒྲུབ་པའི་མ་གནས་དམའ་རུ་གཏོང་རྒྱུ་དང་། ཁྲོམ་རའི་གསོན་ཤུགས་སྔར་བས་འཕེལ་བར་བྱ་རྒྱུ། མང་ཚོགས་ཡུལ་གཞན་དུ་ལས་ཀ་བྱེད་པ་དང་འཚོ་བ་སྐྱེལ་བར་སྟབས་བདེ་བསྐྲུན་རྒྱུ་བཅས་ལ་ཕན་འདོགས་ཡོད་ཅེས་བསྟན་པ་རེད། ཚོགས་འདུའི་ཐོག་ད་དུང་གཅིག་ནས་སྲིད་དོན་ཞབས་ཞུའི“ཞིང་ཆེན་བསྒྲལ་ནས་ཀུན་སྒྲུབ”རྣམ་གྲངས་187མངོན་འགྱུར་བྱུང་བའི་རྨང་གཞིའི་ཐོག ཁེ་ལས་དང་མང་ཚོགས་ཀྱིས་དོ་ཁུར་བྱེད་པར་དམ་པོར་དམིགས་ཏེ། ཁྱབ་རྒྱ་ཆེ་ལ་སྒྲུབ་ཐེངས་མང་བའི་བྱ་བ་22མང་དུ་གཏོང་རྒྱུ་དང་། ཁེ་ལས་ལ་ཆ་མཚོན་ན་གློག་རྡུལ་ཁྲལ་འཇལ་དང་། ཁྲལ་འཇལ་ངོ་སྤྲོད་ཡི་གེ་འདོན་སྤྲོད། སྤྱི་ཚོགས་འགན་སྲུང་གྲོན་དངུལ་ཡིག་ཐོག་སྙན་ཞུ་སོགས“ཞིང་ཆེན་བསྒྲལ་ནས་ཀུན་སྒྲུབ”བྱ་རྒྱུ། མི་སྒེར་ལ་ཆ་མཚོན་ན་གནས་སྐབས་ཀྱི་ཐོབ་ཐང་ལག་ཁྱེར་གཉེར་སྒྲུབ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོའི་འགན་བཅོལ་ཐོ་འགོད་དང་ཐོབ་ཐང་རེ་ཞུ། གཅོང་ནད་དང་དམིགས་བསལ་ནད་སྒོ་བསྟེན་སྨན་ཁང་དུ་བསྟེན་པར་གྲོན་དངུལ་རྩིས་ཞུ་སོགས“ཞིང་ཆེན་བསྒྲལ་ནས་ཀུན་སྒྲུབ”བྱ་རྒྱུ་བཅས་དང་། གཉིས་ནས་སྲིད་གཞུང་སྡེ་ཚན་གྱིས་ཆ་འཕྲིན་མཉམ་སྤྱོད་ལ་ཤུགས་སྣོན་བརྒྱབ་སྟེ། ལས་སྒོའི་ཚད་གཞི་གཅིག་གྱུར་བཟོས་ནས“ཞིང་ཆེན་བསྒྲལ་ནས་ཀུན་སྒྲུབ”ཀྱི་བྱ་བ་དེ་བས་མང་པོ་དྲ་ཐོག་ནས་སྒྲུབ་པ་དང་ཐེངས་གཅིག་ལ་སྒྲུབ་པར་སྐུལ་འདེད་གཏོང་རྒྱུ། རྒན་རྒོན་སོགས་ཀྱི་དྲ་ཕྱིའི་ལས་ཀའི་དགོས་མཁོ་བསྐངས་ཏེ། སྒྲུབ་རོགས་དང་ཚབ་སྒྲུབ་སོགས་ཀྱི་ཞབས་ཞུ་ཁྱབ་གདལ་གཏོང་རྒྱུ། གསུམ་ནས་མི་སྒེར་གྱི་གསང་དོན་དང་ཁེ་ལས་ཀྱི་ཚོང་ལས་གསང་བ་ཁྲིམས་ལྟར་བསྲུང་རྒྱུ་བཅས་ཡིན་ཞེས་བསྟན་པ་རེད།

        ཚོགས་འདུའི་ཐོག ཟས་ནི་མི་ཡི་འཚོ་རྟེན་ཡིན་པས་སྟོན་འབྲུའི་གནས་ཚུལ་ལ་བལྟས་ན། ལོ་ཧྲིལ་པོའི་འབྲུ་རིགས་ཐོན་ཚད་རྒྱ་མ་དུང་ཕྱུར་ཁྲི་1.3ཡན་གྱི་དམིགས་ཚད་མངོན་འགྱུར་ཐུབ་བཟོ་ཡོད། དེས་ན་དུས་ཚོད་དམ་འཛིན་གྱིས་སྟོན་འབྲུ་བརྔ་བསྡུ་དང་མཛོད་འཇུག་ཐུབ་པའི་འགན་ལེན་དང་སྟོན་དགུན་གྱི་འདེབས་ཁྱོན་དོན་འཁྱོལ་བྱེད་དགོས། ཞིང་ལས་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་བཞིན་པའི་རྣམ་གྲངས་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ་དང་ཆབས་ཅིག རྣམ་གྲངས་གསར་པ་ཁག་གཅིག་ལས་འགོ་བཙུགས་ནས་ལོ་འདིའི་ནང་མ་འཇོག་བྱེད་ཚད་སྒོར་དུང་ཕྱུར་3000ཡན་ཟིན་པ་བྱེད་དགོས་ཞེས་བསྟན་པ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1