པཎ་ཆེན་མཆོག་ནས་བོད་དུ་རྟོག་ཞིབ་དང་ཆོས་ཕྱོཊ་མཛད་འཕྲིན་བསྐྱངས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 09-29



    རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་གཞོན། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་གིས་དུས་ཡུན་ཟླ་བ་4ལྷག་ཙམ་རིང་བོད་ལྗོངས་སུ་སློབ་སྦྱོང་རྟོག་ཞིབ་དང་ཆོས་ཕྱོགས་ཀྱི་མཛད་སྒོ་སྤེལ་གནང་ཡོད་པ་རེད། 

     ལྷ་ས་གྲོང་ཁྱེར་དུ་པཎ་ཆེན་རིན་པོ་ཆེས་ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ལས་དོན་གྲོས་ཚོགས་གཙོ་སྐྱོང་གནང་ཞིང་། ཁག་སོ་སོར་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་ཁག་གི་བླ་མ་སྐྱེས་ཆེན་དང་། བོད་ལྗོངས་ནང་བསྟན་སློབ་གླིང་གི་དགེ་རྒན། འབྲེལ་ཡོད་ཆེད་མཁས་དང་རིག་གནས་པ་བཅས་དང་བཞུགས་མོལ་གནང་བ་དང་། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་འགྱུར་བ་བྱེད་པའི་ཐད་ཞིབ་འཇུག་གནང་ཡོད་པ་རེད། 

     པཎ་ཆེན་རིན་པོ་ཆེ་ལྷོ་ཁ་གྲོང་ཁྱེར་གྱི་མཐའ་མཚམས་ཤང་དང་གྲོང་ཚོ་མང་པོར་ཆིབས་བསྒྱུར་གནང་ནས། དུས་རབས་ཀྱི་མིག་དཔེ་སྒྲོན་དཀར་དང་གཡང་འཛོམས་སྤུན་གཉིས་ལ་གཟིགས་པ་དང་། མཐའ་མཚམས་མི་དམངས་ཀྱི་རྒྱལ་གཅེས་མཐའ་སྲུང་གི་སྙིང་སྟོབས་ལ་སློབ་སྦྱོང་ཞུས་ཡོད། ཁོང་ད་དུང་གྲོང་ཚོ་དང་གྲོང་མིའི་ཁྱིམ་ནང་ཕེབས་ནས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ས་གནས་དེ་དག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གོང་འཕེལ་བཏང་བའི་གྲུབ་འབྲས་ལ་མཁྱེན་རྟོགས་གནང་བ་རེད། 

     པཎ་ཆེན་རིན་པོ་ཆེས་ལྷ་ལྡན་གཙུག་ལག་ཁང་དང་། བཀྲ་ཤིས་ལྷུན་པོ་དགོན་པ། བསམ་སྡིངས་དགོན་པ་སོགས་དགོན་སྡེ་དང་དེ་བཞིན་བོད་ལྗོངས་ནང་བསྟན་སློབ་གླིང་དུ་བཀའ་ཆོས་གནང་ཡོད་པ་རེད། ཁོང་གིས། རྒྱ་ཆེའི་བོད་བརྒྱུད་ནང་བསྟན་ཆོས་ཕྱོགས་མི་སྣས་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་དང་། བོད་བརྒྱུད་ནང་བསྟན་དེ་བས་ལེགས་པའི་ཐོག་ནས་སྤྱི་ཚོགས་གོང་འཕེལ་དང་དུས་རབས་ཀྱི་དགོས་མཁོ་དང་འཚམ་མཐུན་ཡོང་བ་བྱས་ནས། བོད་ལྗོངས་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་མཐོའི་གོང་འཕེལ་ལ་ཞབས་ཞུ་དེ་བས་ལེགས་པ་བསྒྲུབ་དགོས་ཞེས་གསུངས་འདུག 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1