༄༅༎ཞང་བོད་ཚིག་མཛོད་ཆེན་མོ་ཞེས་པ་པར་དུ་བསྐྲུན་པའི་དགེ་མཚན།

གཉན་མོ་འགྲུབ་ཀྱིས་བྲིས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 09-29




གཉན་མོ་འགྲུབ་ཀྱིས་བྲིས། 



 གཅིག །ཚིག་མཛོད་འདི་སྒྲིག་པའི་དགོས་པ།

        འཛམ་གླིང་ན་སྔོན་ཐོན་གྱི་མི་རིགས་དག་ལ་སྤྱིར་རིག་བརྒྱ་ཀུན་འདུས་ཀྱི་ཚིག་མཛོད་ཅིག་ཡོད་ཀྱང་། བྱེ་བྲག་རིག་ཚན་སོ་སོའི་ཚིག་མཛོད་ཀྱང་དེའི་མ་ལག་གི་ཚུལ་དུ་ཡོད་པ་བཞིན། འོ་སྐོལ་ཁ་བ་རི་པའང་བོད་རྒྱ་ཚིག་མཛོད་ཆེན་མོ་ལྟ་བུ་ཅུང་འཐུས་ཚང་ཞིང་སྣ་འཛོམས་རང་བཞིན་གྱི་ཚིག་མཛོད་ཡོད་མོད་ཀྱང་། དེར་རྒྱུན་བཀོལ་གྱི་ཐ་སྙད་ཙམ་ལས་རིག་ཚན་སོ་སོའི་ཞིབ་ཕྲའི་མིང་བརྡ་བསྡུ་ཐུབ་མེད་ལ། ཁྱད་པར་དུ་ཐ་སྙད་ཀྱི་འགྲེལ་དག་ཀྱང་སྤྱི་བརྗོད་ཙམ་དུ་སོང་གཤིས་ཆེད་ལས་ཀྱི་དགོས་མཁོ་གཏན་ནས་བསྐང་མི་ཐུབ། རྒྱུ་མཚན་དེ་ལྟ་བས་ན་ཆེད་ལས་ཚིག་མཛོད་སྒྲིག་རྒྱུ་ནི་བོད་ཀྱི་རིག་གནས་པའི་ཕྲག་ཏུ་བབས་པའི་འོས་འགན་དུ་གྱུར། 

        དེ་ཡང་སྐབས་བབ་ཀྱི་ཞང་བོད་ཚིག་མཛོད་ཅེས་པ་བསྒྲིགས་པའི་དམིགས་ཡུལ་ནི། དེ་སྔར་བོད་རིག་པའི་ཁྱབ་ཁོངས་སུ་གཏོགས་པའི་རིག་ཚན་སོ་སོའི་ཚིག་མཛོད་གང་མང་ཞིག་བཞུགས་ཡོད་ཀྱང་། སྟོང་ཆ་ལྟ་བུར་གྱུར་པ་ནི་ཡ་ཐོག་ཞང་ཞུང་རིག་གནས་དང་བོན་གྱི་ཐ་སྙད་དག་ཡིན། ཞང་ཞུང་རིག་གནས་དང་བོན་གྱི་ཐ་སྙད་ལ་མ་བརྟེན་ན་བོད་ཀྱི་གནའ་བོའི་དཔེ་རྙིང་དང་རིག་གཞུང་ལ་འཇུག་པའི་ཐབས་མེད་སྟབས། དེ་ལྟ་བུ་ཅུང་འཐུས་ཚང་ཞིང་གཏིང་ཟབ་པ། ཡིད་རྟོན་རུང་བའི་ཚིག་མཛོད་ཅིག་བོད་རིག་པའི་ཞིབ་འཇུག་པ་ལ་མཚོན་ན་ཁ་ཚ་དགོས་གཏུག་ཏུ་གྱུར། སྦྱོར་བ་འདིས་ཉེ་བར་དྲངས་སྟེ་སྲོང་བཙན་ཡར་སྔོན་ནས་རྩམ་གཟན་བོད་ནི་ཁྱིམ་མཚེའི་དཀར་ནག་རྒྱ་དང་འདྲ་བར་ཤེས་རིག་གི་འོད་སྣང་ཤར་ཡོད་པ་བདེན་དཔང་དང་ར་སྤྲོད་བྱས་ཏེ། རང་རེའི་གཞོན་སྐྱེས་རྣམས་ནས་རིག་གནས་ཀྱི་གདེང་སྤོབས་རྙེད་ཐུབ་པ་བྱེད་རྒྱུ་ནིའང་ཚིག་མཛོད་འདི་བསྒྲིག་པའི་ཉིང་དགོས་ཡིན།


 གཉིས། ཚིག་མཛོད་འདིའི་བྱུང་བ།

        གོང་ཞུས་ཀྱི་དགོངས་གཞི་དགོས་པ་ལ་དམིགས་ནས་2008ལོར་འགོ་པ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་ཀྱིས་བོན་གྱི་མདོ་སྔགས་རྫོགས་གསུམ་གྱི་གཞུང་ལུགས་ཁག་དང་། གསུང་འབུམ་ལོ་རྒྱུས། སྲིད་པ་རྒྱུད་ཀྱི་བོན་སོགས་འདུས་པའི་བོན་སྒོ་བཞི་མཛོད་ལྔ་ནས་བོན་གྱི་ཐ་སྙད་ཕྱོགས་སྒྲིག་གི་སྤྱི་ཁོག་ཟིན་ཐོ་རྒྱས་བསྡུས་གཉིས་བཟོས་ནས་སྔོན་འགྲོའི་གྲ་སྒྲིག་གི་ཚུལ་དུ་བོན་གྱི་ཐ་སྙད་རྩོམ་སྒྲིག་ཚོགས་ཆུང་ལ་ཚིག་མཛོད་ཅིག་བསྒྲིག་པའི་མ་གདན་དུ་བཞག །དེ་ནས་ཞང་ཞུང་གི་བརྡ་ཆད་དང་བོན་གྱི་རིག་གཞུང་ལ་ཆེད་མཁས་པའི་མི་སྣ་དགུ་ཡིས་མི་ལོ་བཅུའི་རིང་དུ་བོན་གྱི་ཐ་སྙད་རྩོམ་སྒྲིག་ཚོ་ཆུང་གི་ངོས་ནས་ཚིག་མཛོད་འདི་ཀོ་སྒྲིག་རྩོམ་བྱས་ཤིང་། 2016ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་ཞང་བོད་ཚིག་མཛོད་ཆེན་མོའི་མཚན་ཐོག་ནས་ལས་གཞི་འདི་ཉིད་རྒྱལ་ཁབ་རིམ་པའི་གྲངས་ཉུང་མི་རིགས་ཡི་གེའི་དཔེ་སྐྲུན་མ་དངུལ་རོགས་སྐྱོར་གྱི་རྣམ་གྲངས་སུ་ཞུས་ཤིང་དེ་བསྟུན་གྱི་ཆོག་མཆན་དང་མ་དངུལ་གྱི་རོགས་སྐྱོར་ཐོབ། དེ་ནས་རིམ་བཞིན་རྩོམ་སྒྲིག་འགན་ཁུར་པ་རྣམས་ཀྱིས་ཞུ་དག་ཐེངས་མང་བྱས་ཤིང་མཐའ་མཇུག་དཔེ་སྐྲུན་ཁང་གི་ངོས་ནས་བོད་ཀྱི་ཚིག་མཛོད་ལ་ཉམས་མྱོང་ཆེ་བའི་མཁས་པ་དུ་མ་གདན་དྲངས་ཏེ་ཞིབ་བཤེར་གཏན་འབེབས་བྱས་ནས་2020ལོའི་ཟླ་12པར་དངོས་སུ་དཔེ་སྐྲུན་འགྲེམས་སྤེལ་བྱས།


 གསུམ། ཚིག་མཛོད་འདིའི་སྒྲིག་སྟངས།


1. ཚིག་མཛོད་འདི་ནི་བོད་ཡིག་ཀ་མད་སུམ་ཅུ་དང་རྗེས་འཇུག་བཅུ། དབྱངས་བཞི། སྔོན་འཇུག་ལྔ། མགོ་ཅན་གསུམ། འདོགས་ཅན་བཞི་སོགས་ཀྱི་གོ་རིམ་ལྟར་བསྒྲིགས་ཡོད།

2. ཞང་ཞུང་སྐད་དང་། བརྡ་རྙིང་། མངོན་བརྗོད། ཡུལ་སྐད་བཅས་ཀྱི་རིགས་གཅིག་གྱུར་གྱིས་གུག་རྟགས〔 〕འདིའི་ནང་དུ་བཀོད་ཡོད། དཔེར་ན། 〔ཞང〕〔རྙིང〕〔མངོན〕〔ཡུལ〕ལྟ་བུས་མཚོན་ནོ། །

3. ཐ་སྙད་གཅིག་དོན་དུ་མར་འཇུག་པའི་རིགས་ཏེ། དཔེར་ན། དལ་འགྲོ་ཞེས་པ་ལྟ་བུར།〔མངོན〕(1)རྒྱུག་ཆུ། (2)ངང་པ་དཀར་པོ།(3)གཟའ་སྤེན་པ། (4)རུས་སྦལ་བཅས་བཀོད་ཡོད། དོན་གཅིག་མིང་གི་རྣམ་གྲངས་གང་ཡོད་གུག་རྟགས()འདིའི་ནང་ཨང་རིམ་བཞིན་བཀོད་ནས་གཅིག་གྱུར་བྱས་ཡོད། དམིགས་བསལ་གྲངས་འདྲེན་གྱི་རིགས་ལ 1༽དང་། 2༽ཞེས་ཨང་རིམ་བཞིན་བཀོད་ཡོད། གྲངས་འདྲེན་འགྲེལ་བཤད་ཅན་གྱི་རིགས་ལ་1.དང་2.ཞེས་ཨང་རིམ་བཞིན་བཀོད་ཡོད།


 བཞི། ཚིག་མཛོད་འདིའི་དགེ་མཚན། 


1. རྒྱུད་ཁུངས་བཙུན་པའི་དགེ་མཚན། 

    ཚིག་མཛོད་འདི་ནི་སྲོལ་རྒྱུན་དགེ་བཤེས་ཀྱི་ཆོ་ལོ་བརྙེས་པའི་ཆེད་མཁས་མི་སྣ་དགུ་ཡིས་ཚད་ལྡན་གྱི་གཞུང་ལུགས་ཏེ། བོན་གྱི་པོད་བརྒྱ་དང་དོན་བརྒྱད་ཡོད་པའི་བཀའ་འགྱུར་དང་པོད་ཉིས་བརྒྱ་བརྒྱད་ཅུ་ཡོད་པའི་བཀའ་བརྟེན། བོན་གྱི་མཁས་པ་རིམ་བྱོན་གྱི་གསུང་འབུམ། གཏོས་མདོས་རྩིས་དཔྱད་སོགས་ཡིག་ཆ་དག་ལ་གཞི་བཅོལ་ཏེ་མི་ལོ་བཅུ་ཡི་རིང་དུ་སྒྲིག་རྩོམ་བྱས་པ་ལགས་པས་ན། ཁུངས་བཙུན་ཞིང་ཡིད་རྟོན་རུང་བའི་ཆེ་བ་མངོན་དུ་གསལ། 


2. ནང་དོན་ཁེབས་རྒྱ་ཆེ་བའི་དགེ་མཚན། 

       ཚིག་མཛོད་འདི་པོད་སྟོད་སྨད་བར་གསུམ་དུ་བགོས་ཤིང་ནང་དོན་གཙོ་བོ་ཁག་ཕྱོགས་བརྒྱད་དུ་དབྱེ་ཡོད་དེ། དང་པོ་ནི་རྒྱུན་སྤྱོད་མིང་ཚིག་ཡིན་མིན་ལ་མ་ལྟོས་པར་བོན་གྱི་ཐ་སྙད་སྤྱི་ལས་མིང་ཚིག་ཁག་དང་ཐ་སྙད་སོ་སོའི་འགྲེལ་བཤད་སོགས་ཚིག་ཚོགས་ཀྱི་སྐོར་དང་། གཉིས་པ་ནི་བོན་གྱི་གྲགས་ཆེའི་མི་སྣ་སྟེ་མདོ་འདུལ་རྒྱུད་མི་སྣ་རེ་རེ་བཞིན། སྔགས་ཀྱི་གྲུབ་ཆེན་རིག་འཛིན་བརྒྱད་ཅུ་དང་གཏེར་སྟོན་བརྒྱ་རྩ་སོགས། སེམས་ཕྱོགས་ཨ་སྙན་རྫོགས་གསུམ་གྱི་རྒྱུད་པ་དང་འབྲེལ་བའི་མི་སྣ་དགུ་བརྒྱ་ལྷག་གི་ངོ་སྤྲོད། གསུམ་པ་ནི་གནའ་དེང་གི་ལོ་རྒྱུས་སུ་བྱུང་བའི་བོན་གྱི་དགོན་སྡེ་རི་ཁྲོད་དྲུག་བརྒྱ་ལྷག་གི་ངོ་སྤྲོད། བཞི་པ་ནི་ལོ་རྒྱུས་ཐོག་གྲགས་ཆེ་བའི་བོན་གྱི་གནས་རི་དང་སྒྲུབ་གནས་བདུན་བརྒྱ་ལྷག་གི་ངོ་སྤྲོད། ལྔ་པ་ནི་བོན་གྱི་བཀའ་འགྱུར་པོད་བརྒྱ་དང་དོན་བརྒྱད། བཀའ་བརྟེན་པོད་ཉིས་བརྒྱ་དང་བརྒྱད་ཅུ། དེ་བཞིན་སྲིད་པ་རྒྱུད་ཀྱི་བོན་སྐོར་མདོས་རིགས་སོགས་མདོར་ན་གཡུང་དྲུང་ལས་རྣམ་པར་དག་པའི་རྒྱུད་ལྟ་བུའི་གསུང་རབ་དྲུག་བརྒྱ་ལྷག་གི་ངོ་སྤྲོད། དྲུག་པ་ནི་བོན་ལུགས་སུ་གྲགས་ཆེ་བའི་སྲུང་མ་དང་ལྷ་ཚོགས་སྐོར་དང་། དེ་དག་གི་སྐུ་མདོག་དང་ཕྱག་མཚན་སོགས་སྒྲུབ་གཞུང་སོ་སོའི་སྐུ་བསྟོད་དང་མངོན་རྟོགས་ལྟར་གྱི་ངོ་སྤྲོད། བདུན་པ་ནི་བོན་གྱི་རྣམ་གྲངས་ཡིག་འབྲུ་འབུམ་ལྔ་ལྷག་བསྡུས་ཡོད། བརྒྱད་པ་ནི་བོན་གྱི་ཡིག་རྙིང་ཁག་ནང་གསལ་བའི་ཞང་ཞུང་གི་ཐ་སྙད་སྐོར་ལ་ཡིག་འབྲུ་ཁྲི་ལྔ་ཙམ་བསྡུས་ཡོད། 


3. དུས་བསྟུན་ཆར་འབེབས་ཀྱི་དགེ་མཚན། 

    བོད་ཀྱི་ལོ་རྒྱུས་ཐོག་ཏུ་གྲུབ་མཐའ་ཕྱོགས་འཐེན་གྱི་ངན་རྐྱེན་གྱིས་བོད་རང་ཡུལ་ནས་ས་སྐྱེས་རྡོ་སྐྱེས་ཀྱི་བོན་ལུགས་རིག་གནས་ལ་མཐོང་ཆེན་དེ་འདྲ་མི་བྱེད་པའི་ངན་གཤིས་ཤིག་ཆགས་མོད། དེང་སྲིད་ཇུས་གསར་བའི་འོད་སྣང་ལ་བརྟེན་ནས། རང་ཡུལ་ཡབ་མེས་གོང་མའི་རིག་གནས་ལ་འཇུག་པའི་ཚ་རླབས་ཤིག་འཕྱུར་བཞིན་པ་དང་། ཁྱད་པར་དུ་དེང་རབས་སློབ་གསོ་ཐེབས་པའི་རིག་གནས་པ་རྣམས་གྲུབ་མཐའ་ཕྱོགས་ཞེན་གྱི་བག་ཆགས་སྲབ་པས་ན་ཕྱོགས་དེ་རུ་དོ་སྣང་དང་སློབ་སྦྱོང་བྱེད་མཁན་ཇེ་མང་དུ་འགྲོ་བ་བཞིན། དེ་དག་ལ་དམིགས་པའི་ཚིག་མཛོད་ཅིག་ཁ་ཚ་དགོས་གཏུག་ཏུ་གྱུར་སྟབས་འདི་དུས་བསྟུན་ཆར་འབེབ་ཀྱི་དགེ་མཚན་ཆེ། 


4. ཉེ་བར་མཁོ་བའི་ལྡེ་མིག་གི་དགེ་མཚན། 

    ཞང་ཞུང་རིག་གནས་ནི་ད་ཕན་མ་མཐའ་ཡང་མི་ལོ་བཞི་སྟོང་ལ་བརྒལ་བའི་གདོང་དམར་བོད་ཀྱི་ཡ་ཐོག་གི་ཤེས་རིག་ཅིག་ཡིན་པ་རྒྱལ་ཕྱི་ནང་ཀུན་ནས་མཁས་པ་མང་པོས་ངོས་འཛིན་མཛད་བཞིན་ཡོད་པ་ལྟར། ཚིག་མཛོད་འདི་རུ་གནའ་བོའི་ཞང་སྐད་མང་པོ་བསྡུ་རུབ་བྱས་ཏེ་དེང་རབས་བོད་སྐད་དུ་སྒྲོག་འགྲེལ་བྱས་ཡོད་པས་ན། ཞང་ཞུང་རིག་གནས་ཞིབ་འཇུག་བྱེད་མཁན་དག་ལ་མཚོན་ན་ཚིག་མཛོད་འདི་ཉིད་ལག་ཏུ་འབྱོར་ན་ཟ་ལྕགས་འབྱེད་པའི་ལྡེ་མིག་ཕྱག་ཏུ་ཐོགས་པའི་དགེ་མཚན་ལྡན།


 ལྔ་པ། མཇུག་བསྡུ་བ།

    མདོར་ན་ཞང་བོད་ཚིག་མཛོད་ཆེན་མོ་འདི་ཉིད་ནི་ཞིབ་འཚོལ་དང་བལྟ་ཀློག་བྱེད་བདེ་བའི་དེང་རབས་རང་བཞིན་གྱི་དག་ཡིག་ཆེན་མོ་ཞིག་ཡིན་ལ། ད་བར་བོན་གྱི་ཐ་སྙད་བསྡུ་རུབ་ཀྱི་གྲངས་ཚད་ཆེས་མང་བའི་ཆེད་ལས་རང་བཞིན་གྱི་ཚིག་མཛོད་ཅིག་ཀྱང་ཡིན། འདི་ཉིད་རིག་གནས་པ་ཞིག་གི་ཕྱག་ཏུ་འབྱོར་ན་ཡ་ཐོག་ཞང་ཞུང་རིག་གནས་ལ་འཇུག་པའི་ལམ་སྟོན་གྱི་དམིགས་བུའི་གོ་ཆོད་ལ། བོན་གྱི་ཤེས་རིག་ནོར་བུའི་བང་མཛོད་ཀྱི་སྒོ་མོ་འབྱེད་པའི་ལྡེ་མིག་ལྟ་བུའི་བྱེད་ནུས་ཀྱང་ལྡན་ནོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1