༄༅།།སྡིག་གཅོད་ཤན་པས་གུར་དཀར་ལ་བསམ་བློ་ཐོངས་ལ་སྡོད་ཟེར་བའི་གླུ་འདི་ལྟར་བླངས་སོ།།​

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཧོར་གླིང་གཡུལ་འགྱེད་སྨད་ཆ་ལས་དྲངས། སྤེལ་དུས། 09-30


   ང་གུ་ཡང་གནམ་གྱི་རྒྱལ་པོ་འདི་རང་ཚོད་རང་གིས་ཟིན་པ་ཡིན། ཧོར་སྡེ་དམར་ནག་བཅུ་གཉིས་ཀྱི་རྒྱལ་པོ་ཡིན་པ་ཨེ་ཤེས། བློས་མ་ཤེས་པ་གཅིག་ཀྱང་འོང་མ་མྱོང་། ཤན་པ་ཁྱོད་རང་གི་ཟ་མ་ཟ་དུས་ཚོད་ཟིན་པར་གྱིས། པཱ་ཐུར་ཤན་པའི་རྐང་མ་འདྲེན་དང་དེས་ཆོག་ཟེར་བ་དང་།

   ཤན་པས། ཡ། ཡ། གནའ་མི་བོད་ཀྱི་གཏམ་དཔེ་ལ། །སྟག་ཤར་པ་ཚོང་གིས་ཕུང་ཁ་ལ། །ཁུར་ཡེབ་ཡེབ་བ་གཅིག་ཡོང་རབ་ཡོད། །སྨན་བུ་མོ་གནས་འདོམས་འཆུག་ཁ་ལ། །ཡིད་དུང་ངེ་བ་གཅིག་འོང་རབ་ཡོད། །ལུག་རྐང་གྱོལ་སྤྱང་ཀིས་འདེད་ཁ་ལ། །ཁ་འབའ་ཚག་དི་རེ་འགྲོ་རབ་ཡོད་ཟེར་བ་དང་འདྲ། རྒྱལ་པོ་གུར་དཀར་ཁྱོད་ལ་ཡོང་རྒྱུ་གཅིག་ཡོང་རན་གདའ། དེ་བས་བསམ་བློ་ཐོངས་ལ་སྡོད་ཟེར་ནས་གླུ་འདི་བླངས་སོ། །

   ལྷ་ཡར་མཁྱེན་གནམ་མཁྱེན་ཐེལ་དཀར་པོམཁྱེན། །

   ལྷ་བར་མཁྱེན་བར་ཐེལ་ཁྲ་བོ་མཁྱེན། །

   ལྷ་མར་མཁྱེན་ས་ཐེལ་ནག་པོ་མཁྱེན། །

   ས་དམར་པོ་ཁྲག་མཚོ་འཕྱུར་འདྲ་ནས། །

   བྲག་དམར་པོ་ཁྲག་ཟོར་བཤམས་འདྲ་བོ། །

   དར་དམར་པོ་དགུང་ལ་ཕྱར་འདྲ་བོ། །

   འདི་ལྕོག་ལྷ་མཚལ་རྩེ་བཞུགས་པའི་གནས། །

   ང་ཤན་པ་རྒྱལ་པོའི་སྐྱེས་ལྷ་རེད། །

   དུས་དེ་རིང་ཤན་པའི་གླུ་སྣ་དྲོངས། །

   ཕོ་ང་དང་ང་ངོ་མ་ཤེས་ན། །

   དཔའ་ཆེན་ཤན་པ་རྒྱལ་པོ་ཡིན། །

   ཆུང་ཞག་གཅིག་ཞག་ངོ་ལོན་པའི་དུས། །

   ཤིང་གཞུ་འཁྱོག་སྟེང་ལ་ཤིང་མདའ་བཞག །

   བྱ་བྱེའུ་ཆུང་རྒུམ་འབུ་འཐུ་འཐུ་བྱས། །

   ང་དེ་བས་ཤན་པ་ཐོག་ལེ་མིན། །

   ཆུང་ཞག་གཉིས་ཞག་ངོ་ལོན་པའི་དུས། །

   ལྕགས་གཞུ་རྒོད་སྟེང་ལ་ལྕགས་མདའ་བཞག །

   ཝ་གཡི་དཀར་འབུ་ནག་འཐུ་འཐུ་བྱས། །

   ང་དེ་བས་ཤན་པ་ཐོག་ལེ་མིན། །

   ང་ཞག་གསུ་བདུན་གྱི་གོང་རོལ་ནས། །

   ནངས་སྔོ་མོ་ཁྲ་ཡག་རྫ་ལ་སོང་། །

   འབྲོང་བྲེ་སེར་མ་བུ་བརྒྱ་རེ་བསད། །

   མགོ་རུ་ཐུར་ཤ་ལེ་ཐང་ལ་རྫོགས། །

   ང་ཉིན་གུང་དཀར་ཡག་གངས་ལ་སོང་། །

   ངས་སེངྒེ་དཀར་མོ་བརྒྱ་རེ་བསད། །

   མགོ་གཡུ་རལ་ཤལ་ལེ་ཐང་རྫོགས། །

   ང་དགོང་མོ་ན་དམར་གཞུང་ལ་སོང་། །

   ངས་ཁ་དཀར་རྐྱང་ཆུང་བརྒྱ་རེ་བསད། །

   མགོ་རྔོག་དམར་ཤལ་ལེ་ཐང་ལ་རྫོགས། །

   ང་དེ་བས་ཤན་པ་ཐོག་ལེ་མིན། །

   ང་ཕོ་ལོ་བརྒྱད་ཀྱི་གོང་ཐོག་ནས། །

   དམག་འབུམ་ཕྲག་བཅུ་ཡི་དཔོན་པོ་བྱས། །

   ངས་རྟ་ཁ་དབུས་གཙང་སྟོད་ལ་བསྐོར། །

   སྟོད་དབུས་གཙང་གཉིས་ཀྱི་ཆོས་ར་ནས། །

   དབུ་གསེར་ཞྭ་ཅན་ལ་དགུ་བརྒྱ་བསད། །

   སྟོད་དབུས་གཙང་ཆོས་སྐྱོང་གཉན་བར་ཟེར། །

   གཉན་ཆོས་སྐྱོང་བཙན་གྱིས་མ་ཐུབ་ཤོར། །

   ངས་དམག་སྣ་སོག་པོ་ཡུལ་ལ་དྲངས། །

   གུར་དཀར་པོ་ཅན་གྱི་སོག་སྡེ་གཏོར། །

   སོག་ཅ་ལ་ཅན་ལ་དགུ་བརྒྱ་བསད། །

   སོག་སེར་པོ་རྒྱུ་སྟོབས་ཆེ་རབ་ཟེར། །

   རྒྱུ་ནོམ་ཆེན་ཤེད་ཀྱིས་མ་ཐུབ་ཤོར། །

   དུས་དེ་ནས་མིང་ལ་ཤན་པ་ཐོགས། །

   ཧོར་གུར་དཀར་རྒྱལ་པོའི་བློན་ཆེན་བྱས། །

   ཧོར་འབུམ་ཚོ་བཅུ་ཡི་མགོ་བ་བྱས། །

   དཔོན་རྒྱལ་པོའི་རལ་གྲི་ཕྱར་ཕྱར་བྱས། །

   སྡེ་ཧོར་རུ་ལུག་དཀར་འཚོ་འཚོ་བྱས། །

   མཐོ་བཙན་པོར་ཐུག་ན་སྟག་ངར་བྱས། །

   བཙན་ཁྲེལ་མེད་ཐུག་ན་དེ་བས་ངར། །

   བཙན་རྒོལ་པོ་མགོ་ལ་ཤོར་ལེ་མེད། །

   ང་འཇམ་པོ་སྟོན་པའི་ཤན་པ་མིན། །

   བཙན་རྒོད་པོའི་ཤན་པ་ངོ་ནག་ཟེར། །

   ང་གཉོམ་ཆུང་ཐུག་ན་དར་ལས་འཇམ། །

   སྤྲང་ཉམ་ཐག་ཐུག་ན་དེ་བས་འཇམ། །

   ངས་གཉོམ་ལ་བཙན་པོ་བྱས་ལེ་མེད། །

   སྡིག་ངོ་ནག་སྟོན་པའི་ཤན་པ་མིན། །

   སྤྲང་དབུལ་བོས་ལྷའུ་མི་གཡང་ཟེར། །

   མཐོ་རྒྱལ་པོར་ཐུག་ན་སེང་ལྟར་འགྱིང་། །

   དཔོན་རྒྱལ་པོར་ཐུག་ན་དེ་བས་འགྱིང་། །

   དཔོན་བཙན་པོ་རྒྱལ་ཁྲིམས་འཁུར་ལེ་མེད། །

   མཐོ་རྒྱལ་པོས་ཁྲེལ་མེད་སྣ་ཡན་ཟེར། །

   སྡེ་ཡུལ་པ་ཐུག་ན་ཕ་ལྟར་བྱམས། །

   སྡེ་ཁྲལ་བར་ཐུག་ན་དེ་བས་བྱམས། །

   ངས་སྡེ་བ་སྡུག་ལ་བསྐོར་ལེ་མེད། །

   སྡེ་གཉོམ་ཆུང་བཅོམ་པའི་ཤན་པ་མིན། །

   ཧོར་སྡེ་བས་དྲིན་ཅན་ཤན་པ་ཟེར། །

   ཕོ་རང་བསྟོད་མིན་ཏེ་དེ་འདྲ་ཡིན། །

   ཕོ་གཞན་པའི་ཁོག་ན་ཡི་གེ་མེད། །

   ངའི་ཁོག་ལ་ཡི་གེ་རང་ཤར་ཡིན། །

   ཁོག་ཡི་གེ་ཤར་ལེ་མ་རེད་དེ། །

   ཆག་བཞག་ན་ཡི་གེ་བྲིས་པ་འདྲ། །

   ཕོ་གཞན་པའི་ཁོག་ན་མངོན་ཤེས་མེད། །

   ང་ཤན་པའི་ཁོག་ལ་མངོན་ཤེས་འཆར། །

   ང་མཁྱེན་པ་ཡོད་པ་མ་རེད་དེ། །

   ངས་བསམ་བློ་བཏང་ན་མངོན་ཤེས་འདྲ། །

   དེ་འདྲ་བའི་ལོ་རྒྱུས་ང་རང་བཤད། །

   སྤྱིར་ཧོར་སྡེ་འབུམ་ཚོ་བཅུ་གཉིས་ཉོན། །

   ཡང་སྒོས་སུ་བློན་ཆེན་ལྔ་བརྒྱས་ཉོན། །

   ཁྱད་པར་དུ་གུར་དཀར་རྒྱལ་པོས་ཉོན། །

   ཁྱོད་གུར་དཀར་ཤེས་མེད་བླ་འཚག་པོ། །

   ངོ་ཡ་ཐོད་ཨ་རྒས་སྤྲེལ་ལ་རིགས། །

   སྤྲེལ་གཉེར་མ་ཐེར་རེ་ང་ལ་ཉོན། །

   ངོ་མ་ཐོད་ཙེ་ཙེ་ར་ལ་རིགས། །

   ར་མན་ཚར་ཤལ་ལེ་ང་ལ་ཉོན། །

   ཉོན་ཟེར་བའི་སྐད་ཆ་འདི་འདྲ་ཡོད། །

   ཁྱེད་ན་ནིང་བསྒྲུབས་པའི་ཆོས་སྐྱོང་དེ། །

   དུས་ད་ལོ་བྲན་དུ་འཁོར་ལེ་རེད། །

   ཁྱེད་ན་ནིང་བཟོས་པའི་རྡོ་ཞྭ་དེ། །

   དུས་ད་ལོ་མགོ་ལ་གོན་ལེ་རེད། །

   ཁྱེད་ན་ནིང་བཏབ་པའི་ལྷམ་ཆུང་དེ། །

   དུས་ད་ལོ་རྐང་ལ་གོན་ལེ་རེད། །

   ཁྱེད་ན་ནིང་བོས་པའི་མགྲོན་པོ་དེ། །

   དུས་ད་ལོ་ཁྱིམ་ལ་འཛུལ་ལེ་རེད། །

   ས་འདི་ན་སྒར་ཞིག་བབས་ལེ་འདི། །

   ཚོང་ཁེ་པའི་ལམ་འགྲོ་མ་རེད་དེ། །

   ཁྱོད་གུར་དཀར་སྲོག་གི་གཤེད་མ་རེད། །

   གླིང་གེ་སར་རྒྱལ་པོའི་ཆོ་འཕྲུལ་རེད། །

   དེ་ཡིན་པའི་རྩ་བ་བཤད་ཙ་ན། །

   ཁྱོད་གསེར་ཟླ་གསེར་སྲབ་འབྱོར་མ་འདི། །

   ཁྱོད་གཅེས་པའི་མཚམས་ཞུ་མ་རེད། །

   ཁྱོད་གཉའ་སྒ་བསྟད་ནས་གསོད་རྟགས་རེད། །

   ད་འཛེར་མ་བཞི་བཅུའི་འཚམས་ཞུ་འདི། །

   ཁྱོད་གཅེས་པའི་འཚམས་ཞུ་མ་རེད་དེ། །

   ཁྱོད་སྒ་ཚིགས་འཛེར་མས་བསྡམ་ལེ་རེད། །

   གསེར་སེར་པོ་ཁེམ་ཆུང་ཆ་གཉིས་འདི། །

   ཁྱོད་གཅེས་པའི་འཚམས་ཞུ་མ་རེད་དེ། །

   མིག་ཁྲ་ཆུང་གསོན་པོ་འབྲུ་འདོད་རེད། །

   ཇ་ལན་ཆེན་ལན་ཆུང་བཅུ་གསུམ་དེ། །

   ཁྱོད་གུར་དཀར་འཆི་ཆོས་བཅའ་སྤྱད་རེད། །

   བློན་སྟོབས་ཆེན་ཁྱོད་ལ་ལྕགས་ཕུར་བཞི། །

   ཁྱོད་གཅེས་པའི་འཚམས་ཞུ་མ་རེད་དེ། །

   ལུས་གཟུགས་བཞི་ཐང་ལ་རྒྱང་འདོད་རེད། །

   སྨན་འབྲུག་མོ་ཁྱོད་ལ་བྱུ་རུ་ནི། །

   སྙིང་མིག་རྡོ་འདྲ་བ་བཅུ་གསུམ་འདི། །

   གླིང་དཔའ་ཆེན་བཅུ་གསུམ་ཧོར་གྱིས་བཀྲོངས། །

   དེ་སྙིང་དང་མིག་རྡོག་འདྲ་བའི་བརྡ། །

   མི་དེ་ཚོའི་དགྲ་ཤ་ལེན་འདོད་རེད། །

   དར་དཀར་པོ་འཕྲུལ་གྱི་ཞགས་པ་འདི། །

   མཐར་འབྲུག་མོ་རང་ཡུལ་ཁྲིད་འདོད་རེད། །

   ཧོར་མཆོང་ལྷ་ཁྱོད་ལ་ལྕགས་ཁེམ་གཅིག །

   ཁྱོད་གཅེས་པའི་འཚམས་ཞུ་མ་རེད་དེ། །

   ཁྱོད་མ་ཤི་ས་འོག་གནོན་འདོད་རེད། །

   བློན་པཱ་ཐུར་རེ་ལ་རལ་གྲི་རེ། །

   གཅེས་པའི་འཚམས་ཞུ་མ་རེད་དེ། །

   བློན་ཡོད་ཚད་སྲོག་རྩ་གཅོད་རྒྱུ་རེད། །

   ང་ཤན་པ་ལྕགས་ཐག་ལྕགས་ཕུར་འདི། །

   གཅེས་པའི་འཚམས་ཞུ་མ་རེད་དེ། །

   ང་མི་གསོད་བཙོན་ལ་འཛིན་འདོད་རེད། །

   སྐེ་ལྕགས་ཐག་ཤལ་ལེ་ཁྲིད་འདོད་རེད། །

   མཐར་སྲོག་གི་ཆད་པ་མི་ཡོང་གི །

   ང་མཇལ་དར་ནང་ནས་ངན་པ་རེད། །

   ང་བརྡ་ཡི་ནང་གི་བཟང་པོ་རེད། །

   ཁྱེད་གུར་དཀར་དགུང་ལོ་ཉུང་བའི་དུས། །

   གསེར་སེར་པོ་དོ་ཡ་བཙོངས་ལེ་ཟེར། །

   གསེར་དེ་འདྲ་ཧོར་གྱིས་མ་ཉོས་ཏེ། །

   གླིང་རྒྱ་ཚ་ཞལ་དཀར་ཧོར་གྱིས་བཀྲོངས། །

   དེའི་ཤ་ལན་སྙེག་གི་བརྡ་ཚིག་རེད། །

   སྟག་དམར་ཡག་སྒོ་ཁྱི་བཙོངས་ལེ་ཟེར། །

   སྟག་དེ་འདྲ་ཧོར་གྱིས་ཉོ་དོན་མེད། །

   བློན་སྟག་རོང་དཔོན་པོ་གཟིག་འཕེན་ལ། །

   ཧོར་ཞགས་ནག་ཐེབས་པས་རྨ་ཆུས་ཁུར། །

   དེའི་མི་ཤ་སྙེག་གི་བརྡ་ཚིག་རེད། །

   གཡུ་དྲུག་དཀར་ནེ་ཙོ་བཙོངས་ལེ་ཟེར། །

   གཡུ་ནེ་ཙོ་ཧོར་གྱིས་མ་ཉོས་ཏེ། །

   ལྡོང་ཁྲ་རྒན་སྣང་ཆུང་ཧོར་གྱིས་བཀྲོངས། །

   དེའི་མི་ཤ་སྙེག་གི་བརྡ་ཚིག་རེད། །

   ཡང་བྱུ་རུའི་རྨ་བྱ་བཙོངས་ལེ་ཟེར། །

   བྱ་རྨ་བྱ་ཧོར་གྱིས་ཉོ་དོན་མེད། །

   གླིང་ནུ་བོ་རོང་ཚ་དམར་ལེབ་བཀྲོངས། །

   དེའི་མི་ཤ་ལེན་པའི་བརྡ་ཚིག་རེད། །

   དངུལ་དཀར་མོའི་མེ་ལོང་བཙོངས་ལེ་ཟེར། །

   དངུལ་དེ་འདྲ་ཧོར་གྱིས་མ་ཉོས་ཏེ། །

   གླིང་མོ་མ་ཀུན་ཤེས་ཧོར་གྱི་བཀྲོངས། །

   དེའི་མི་ཤ་སྙེག་གི་བརྡ་ཚིག་རེད། །

   དམའ་རྒྱ་མཚོ་ཆུ་སྲམ་བཙོངས་ལེ་ཟེར། །

   སྲམ་དེ་འདྲ་ཧོར་གྱིས་མ་ཉོས་ཏེ། །

   གླིང་ཉ་ཚ་ཨ་བརྟན་ཧོར་གྱིས་བཀྲོངས། །

   དེའི་མི་ཤ་སྙེག་གི་བརྡ་ཚིག་རེད། །

   ཟངས་དམར་བོའི་སྤྱང་མོ་བཙོངས་ལེ་ཟེར། །

   ཟངས་སྤྱང་མོ་ཧོར་གྱིས་མ་ཉོས་ཏེ། །

   གླིང་བརྒྱ་དཔོན་བན་དེ་ཧོར་གྱིས་བཀྲོངས། །

   དེའི་མི་ཤ་སྙེག་གི་བརྡ་ཚིག་རེད། །

   ཤེལ་དཀར་མོའི་མེ་ཏོག་བཙོངས་ལེ་ཟེར། །

   ཤེལ་མེ་ཏོག་ཧོར་གྱིས་མ་ཉོས་ཏེ། །

   གླིང་སེང་ལྕམ་འབྲུག་མོ་ཧོར་གྱིས་ཕྲོགས། །

   དེ་འཕྲོག་གི་ར་མདའ་ཕེབས་ལེ་རེད། །

   རྔ་རོལ་མོ་ཧོར་ལ་བཙོངས་ལེ་ཟེར། །

   རྔ་རོལ་མོ་ཧོར་གྱིས་མ་ཉོས་ཏེ། །

   གླིང་ཁྲིམས་རྔ་གསལ་བའི་འོད་ལྡན་དེ། །

   དམའ་ར་རྫི་ལུག་རྫིས་རྩེ་སྤྱད་བྱས། །

   སྒྲ་སིལ་ཆེན་ཉི་མ་འབྲུག་གྲགས་དེ། །

   ས་སྲང་མདོར་ཕྱོགས་བཞི་རྩེ་སྤྱད་བྱས། །

   རྒྱུ་དེ་འདྲ་ཕྲོགས་པའི་ར་མདའ་རེད། །

   དུང་དཀར་མོ་ལུ་གུ་འབའ་ཤེས་དེ། །

   དུང་ལུ་གུ་ཧོར་གྱིས་མ་ཉོས་ཏེ། །

   གླིང་ཁྲིམས་དུང་དཀར་མོ་རྒྱང་གྲགས་དེ། །

   ཧོར་ཕྱུགས་རྫིས་ར་མ་འཚོ་སྤྱད་བྱས། །

   རྒྱུ་དེ་འདྲ་ཕྲོགས་པའི་ར་མདའ་རེད། །

   དར་དཀར་ནག་ཡུག་གཉིས་བཙོངས་ལེ་ཟེར། །

   དར་དེ་འདྲ་ཧོར་གྱིས་མ་ཉོས་ཏེ། །

   གླིང་ལྷ་གུར་དཀར་མོ་སྟོང་ཤོད་དང་། །

   གླིང་གཡུ་སྦྲ་མཐིང་ཤོམ་སྡེ་ལྔ་དེ། །

   ཧོར་སེར་པོའི་དམག་གིས་ཇ་གཡབ་བྱས། །

   རྒྱུ་དེ་འདྲ་ཕྲོགས་པའི་ར་མདའ་རེད། །

   གསེར་སེར་པོའི་ཉི་མ་བཅུ་གཉིས་ཟེར། །

   གསེར་ཉི་མ་ཧོར་གྱིས་མ་ཉོས་ཏེ། །

   གླིང་ཕ་ཆོས་དམ་པ་བཅུ་གཉིས་དེ། །

   ཧོར་གུར་དཀར་རྒྱལ་པོའི་བཞུགས་ཁྲི་བྱས། །

   རྒྱུ་དེ་འདྲ་ཕྲོགས་པའི་ར་མདའ་རེད། །

   དེ་ཨེ་ཤེས་ཧོར་སེར་དུད་འགྲོ་ཚོ། །

   དེ་ཨེ་གོ་གུར་དཀར་ཁྱི་ཡི་བུ། །

   ད་མ་བཟང་ཐག་གིས་ཆོད་ལེ་རེད། །

   གླིང་གེ་སར་ཉི་མ་ཤར་ཤར་རེད། །

   དགུང་ཉི་མ་ལག་པས་ཁེབས་ལེ་མེད། །

   ཧོར་སེར་པོ་བ་མོ་བཞུ་བཞུ་རེད། །

   ད་གེ་སར་ཆུ་ལོག་རྒྱུག་རྒྱུག་བྱེད། །

   འདི་ཆུ་ཆེན་བྱེ་མས་ཁོག་ལེ་མིན། །

   ཧོར་སེར་པོ་ལོ་ཏོག་བཅོམ་བཅོམ་བྱེད། །

   ད་ཡག་རྒྱུ་མེད་པའི་ཁོ་ཐག་ཆོད། །

   ད་མ་འདུག་ཨ་ཁུ་དཔོན་བློན་གཉིས། །

   ཡང་མིན་ན་རྒྱ་གར་སྟོད་ལ་འགྲོ། །

   སྟོད་རྒྱ་གར་རྒྱལ་པོར་སྲོག་སྐྱོབ་ཞུ། །

   ཡང་མིན་ན་རྒྱ་ནག་སྨད་ལ་འགྲོ། །

   སྨད་རྒྱ་ནག་རྒྱལ་པོར་སྲོག་སྐྱོབ་ཞུ། །

   ཡང་མིན་ན་བལ་བོའི་མཐིལ་ལ་འགྲོ། །

   ལྷོ་བལ་པོ་རྒྱལ་པོར་སྲོག་སྐྱོབ་ཞུ། །

   དེས་སྲོག་སྐྱབས་མི་ཡོང་ཟེར་ཙ་ན། །

   སྒར་ཁྲ་མོ་འདི་ལ་སྲོག་སྐྱོབ་ཞུ། །

   གླུ་དེ་ཚོ་རྒྱལ་བློན་ཐུགས་ལ་ཞོག །ཟེར་བ་དང་།

   ཧོར་གུར་དཀར་རྒྱལ་པོ་ཁོ་རང་ཁོང་ཁྲོས་པའི་ངོ་གདོང་ནག་རོག་གེར་ལངས། 


རྩོམ་ཡིག་སྔོན་མ།
བག་ལེབ་ཚོང་ཁང་གི་ཞི་ལ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1