༄༅། །བོད་ཀྱི་གསོ་དཔྱད་རིག་པའི་འཕེལ་རིམ་ལས། གནའ་རབས་ཀྱི་སྐོར།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-02


 

བོད་ལ་གསོ་རིག་དར་བའི་ལོ་རྒྱུས་དེ་ལོ་རྒྱུས་ཀྱི་ཆ་ནས་ཞང་ཞུང་བོན་གྱི་སྟོན་པ་གཤེན་རབ་མི་བོ་ཆེའི་དུས་སྐབས་དང་། བོད་བཙན་པོའི་རྒྱལ་རབས་ཀྱི་དུས་སྐབས། བོད་སིལ་བུར་འཐོར་བའི་རྗེས་ཀྱི་ས་ཕག་རིན་གཙང་དང་རྒྱལ་དབང་ལྔ་བའི་དུས་སྐབས། ཀྲུང་གོའི་རྒྱལ་ཁབ་གསར་བ་དབུ་བརྙེས་རྗེས་ཀྱི་དུས་སྐབས་སོགས་སུ་ཕྱེས་རུང་བར་སྙམ་ལ། དུས་ཀྱི་ཆ་ནས་གནའ་རབས་བོད་ཀྱི་གསོ་རིག་དང་ཉེ་རབས་བོད་ཀྱི་གསོ་རིག དེང་རབས་བོད་ཀྱི་གསོ་རིག་དར་ཚུལ་བཅས་གསུམ་ལ་བཀར་ཆོག་པར་འདོད།  གཤམ་དུ་ཀུན་ལ་ཞུ་བར་བྱ་བ་ནི་བོད་ཀྱི་གནའ་རབས་གསོ་རིག་དར་བའི་མདོ་དོན་ཉུང་ངུ་ཙམ་ཡིན།

བོད་མི་རིགས་ནི་ལས་ལ་བརྩོན་ཞིང་གཞུང་རྒྱུད་དྲང་ལ། ཤེས་རབ་ལྡན་ཞིང་བློ་སྤོབས་ཆེ། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་དུ། རང་ཉིད་ཀྱི་ཁྱད་དུ་འཕགས་པའི་བློ་གྲོས་ལ་བརྟེན་ནས་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་མཚར་སྡུག་རྣམ་པར་བཀྲ་བའི་རིག་གནས་ཀྱི་བང་མཛོད་དེ་མཚན་ཉིད་རིག་པ་དང་ཆོས་ལུགས། སྐར་རྩིས་དང་གསོ་རིགསྙན་ངག་དང་རོལ་མོ་སོགས་ཀྱི་ནང་དོན་ཚུད་པའི་རིག་གནས་ཀྱི་མ་ལག་ཅིག་བསྐྲུན་པར་མཛད། འདི་ཡིས་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་ཀྱི་བང་མཛོད་ཆེན་མོ་ཇེ་ཕྱུག་ལ་བཏང་ཞིང་། མིའི་རིགས་ཀྱི་རིག་གནས་ལོ་རྒྱུས་ཀྱི་ཁྲོད་དུའང་འབུར་དུ་ཐོན་པའི་གོ་གནས་བཟུང་ཡོད། བོད་ཀྱི་གསོ་རིག་དང་སྨན་རིག་ནི་མེས་རྒྱལ་གསོ་བ་རིག་པའི་བང་མཛོད་ནང་གི་ནོར་བུ་རྩ་ཆེན་ཞིག་ཡིན་ལ། གངས་ཅན་གྱི་ལྗོངས་འདིར་སྣོད་བཅུད་ཆགས་ནས་བཟུང་བོད་རིགས་མི་དམངས་ཚོས་རང་བྱུང་ཁམས་དང་ནད་རིགས་སྣ་ཚོགས་ལ་འཐབ་རྩོད་བྱས་པ་བརྒྱུད། ནད་རིགས་བཅོས་ཐབས་ཀྱི་ཉམས་མྱོང་བསགས་ནས་མཐར་མི་རིགས་རང་ཉིད་ཀྱི་ཁྱད་ཆོས་ལྡན་པའི་ཐུན་མོང་མ་ཡིན་པའི་གསོ་རིག་འདི་ཉིད་བྱུང་ཞིང་། གསོ་བ་རིག་པར་ནང་བྱན་ཆུད་པའི་མཁས་མཆོག་ཀྱང་མང་པོ་བྱོན་པ་རེད། དེའི་སྐོར་གྱི་སྔར་གྱི་ལོ་རྒྱུས་དང་ཆོས་འབྱུང་ཁོག་འབུགས་སོགས་ཀྱི་ནང་དུ་ཞིབ་རྒྱས་སུ་འཁོད་ཡོད།

བོན་གྱི་ལོ་རྒྱུས་ཡིག་ཆ་ལྟར་ན། བོད་ཀྱི་གསོ་བ་རིག་པར་ལོ་ངོ་ཉིས་སྟོང་བརྒྱད་བརྒྱ་ཙམ་གྱི་ལོ་རྒྱུས་ཡོད་པར་སྨྲ་སྟེ། བདག་ཅག་གི་སྟོན་པ་གཤེན་རབ་མི་བོ་ཆེས་སྨན་དཔྱད་ཀྱི་གཞུང་མང་པོ་བརྩམས་པ་དེ་རྣམས་རང་གི་སྲས་དྲང་སྲོང་དཔྱད་བུ་ཁྲི་ཤེས་ཀྱིས་དར་རྒྱས་སུ་བཏང་བའི་ལོ་རྒྱུས་ཡོད་ཅིང་། བོད་རྗེ་གཉའ་ཁྲི་བྱོན་པའི་སྐབས་སུ་ཤེས་པ་ཅན་གྱི་བོན་བཅུ་གཉིས་ཀྱི་ལས་རིགས་ལ་དཔག་ནའང་དེང་སྐབས་བོད་ཀྱི་གསོ་རིག་ལོ་རྒྱུས་ལ་ལོ་ངོ་ཉིས་སྟོང་བརྒྱད་བརྒྱ་ཙམ་གྱི་ཁུངས་སྐྱེལ་གྱི་ལོ་རྒྱུས་ཡོད་ཅེས་པ་ནི་ཁུངས་མེད་ལོང་གཏམ་ཞིག་ག་ལ་ཡིན།

ད་རུང་༼བློན་པོ་བཀའ་ཐང༽དང་བོད་ལུགས་སྨན་རྫས་རིག་པ་མཁས་ཅན་དིའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་རྩོམ་སྒྲིག་བགྱིས་ཤིང་དཔྱད་བུ་ཁྲི་ཤེས་ཀྱིས་མཛད་པའི་༼དུག་བཅོས་གཡུང་དྲུང་འཁྱིལ་བ༽དང་གོང་སྨན་དཀོན་མཆོག་བདེ་ལེགས་ཀྱིས་མཛད་པའི་༼བྲང་ཏིའི་པོད་དམར༽སོགས་སུའང་དུག་ལ་སྨན་དང་སྲོག་ཆགས་ལས་བྱུང་བའི་དུག་འཇོམ་རིལ་བུ་ཡོད་པ་དང་།བོད་ལུགས་གསོ་རིག་གི་བྱིས་པའི་རྣ་རྩ་ལ་བརྟག་ཐབས་སོགས་ཀྱི་སྐོར་འཁོད་ཡོད་པ་ཡིན།

ལྷ་ཐོ་ཐོ་རུ་སྙན་བཙན་གྱི་དུས་སུ་སྨན་པ་དུང་གི་ཐོར་ཅོག་ཅན་ཞེས་བྱུང་བ་དེའི་ཡབ་ནི་འཕགས་ཡུལ་གྱི་སྨན་པ་དགའ་བྱེད་བི་ཇི་ཞེས་པ་བོད་དུ་ཕེབས་སྐབས་རྒྱལ་པོའི་སྲས་མོ་ཡིད་ཀྱི་རོལ་ཆ་དང་ལྷན་དུ་བཤོས་པ་ལས་འཁྲུངས་པར་གསུངས། དགའ་བྱེད་བི་ཇིས་བོད་ལ་སྨན་དཔྱད་ཀྱི་འགྲོ་དོན་བསྐྱངས་པ་དང་འཕགས་ཡུལ་གྱི་ཁྱད་ཆོས་ལྡན་པའི་གསོ་རིག་གཞུང་ལུགས་དང་ལག་ལེན་མང་དག་རང་སྲས་དུང་གི་ཐོར་ཅོག་ཅན་ལ་གནང་བ་རེད།དེའི་དུས་ནས་སྨན་པ་དུང་གི་ཐོར་ཅོག་ཅན་བྱོན་པ་དང་དམུས་ལོང་དཀོན་པ་བཀྲ་ཤིས་ཀྱི་སྤྱན་ཕྱེ་བ་། འབྲོང་གཉན་ལྡེའུ་གསོན་པོར་དུར་ལ་བཞུགས་པ་ནི་སྨན་པ་དང་སྨན་བཅོས་ལག་རྩལ།ནད་རིགས་སྔོན་འགོག་བཅས་ཀྱི་ཚད་གཞི་མཐོན་པོར་སླེབས་ཡོད་པ་མཚོན་ཐུབ།

ཆོས་རྒྱལ་སྲོང་བཙན་གྱིས་རྒྱ་མོ་འུན་ཤིང་ཀོང་ཇོ་ཁབ་ཏུ་བཞེས་སྐབས་ཀོང་ཇོས་བསྣམས་པའི་རྒྱ་ནག་གསོ་རིག་གི་སྨན་གཞུང་༼སྨན་དཔྱད་ཆེན་མོ༽དེ་བོད་ཀྱི་ལོ་ཙཱ་བ་ངྷརྨ་ཀོ་ཥ་སོགས་ཀྱིས་བོད་ཡིག་ལ་བསྒྱུར་ཞིང་གཏན་ལ་ཕབས་པར་མ་ཟད། སྨན་ལུགས་ཆེན་པོ་གསུམ་ཞེས་པའང་དར་ཞིང་རྒྱས་པར་མཛད། ད་རུང་འཛམ་གླིང་གི་ཡུལ་གྲུ་སོ་སོ་སྟེ་རྒྱ་གར་དང་སྟག་གཟིག རྒྱ་ནག་སོགས་ནས་སྨན་གྱི་ཤེས་བྱ་བཏུས་ནས་བོད་ཀྱི་གསོ་རིག་གི་གཞུང་ལུགས་ལ་ཁ་གསབ་མཛད་པས། བོད་ལུགས་གསོ་རིག་གི་འཕེལ་རྒྱས་ལ་སྔ་ན་མེད་པའི་མཛད་རྗེས་ཆེན་པོ་བཞག་པ་རེད། བོད་ཀྱི་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་སུ། སྔ་ཕྱིར་མཐའ་བཞིའི་སྨན་པ་དང་ཕྱོགས་རིས་ཀྱི་སྨན་ཁ་དགུ་ལ་སོགས་པ་ཆེད་མངགས་གདན་ཞུས་ཀྱི་རང་རང་སོ་སོའི་ཡུལ་ཁམས་དང་མཐུན་པའི་གསོ་རིག་གཞུང་དང་ལག་ལེན་མང་དག་ཁྱབ་སྤེལ་གནང་སྟེ་བོད་ཀྱི་གསོ་རིག་འདི་ཉིད་སྔར་ན་མ་གྲགས་པའི་གོང་འཕེལ་ཆེན་པོ་བྱུང་། དེའི་དུས་སུ་སྐད་གྲགས་ཅན་གྱི་སྨན་གྱི་བསྟན་བཅོས་༼སྨན་དཔྱད་ཟླ་བའི་རྒྱལ་པོ༽སོགས་མང་དུ་བྱུང་། སྨན་གཞུང་དེའི་ནང་རླུང་མཁྲིས་བད་ཀན་གསུམ་དང་ལུས་ཟུངས་དྲི་མ་སོགས་པའི་ལུས་ཀྱི་གནས་ལུགས་ཕྲ་ཞིབ་སྐོར་རྒྱས་བཤད་གནང་བ་དང་། རྩོད་སྒྲུབ་རིག་པའི་སྒོ་ནས་ལུས་སྤྱི་དང་ཆགས་ཚུལ།ཀེང་རུས་སོགས་གསལ་བོར་བཀོད་ཡོད་ཅིང་སྨན་རྫས་སྐོར་ལའང་ནད་རིགས་རྣམ་གྲངས་རགས་པའི་དབང་དུ་བརྒྱ་ཙམ་ལའང་སྨན་སྦྱོར་རྣམ་གྲངས་ལྔ་བརྒྱ་དྲུག་ཅུ་རེ་གཉིས་བཀོད་ཡོད།

གཞན་ཡང་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ་དང་ལོ་ཆེན་བེེ་རོ་ཙ་ན། གཉའ་པ་ཆོས་བཟང་།བླ་སྨན་སྨེ་རུ་རྩེ་ལ་སོགས་པ་དུ་མ་བྱོན་ཏེ་ཁོང་རྣམ་པས་བོད་དུ་སྨན་དཔྱད་ཀྱི་བསྟན་པ་ཡར་ངོའི་ཟླ་བཞིན་གོང་ནས་གོང་དུ་འཕེལ་བར་མཛད་པ་དང་ཆབས་ཅིག་ཕྱོགས་རིས་ཀྱི་སྨན་པ་མཁས་པ་གདན་དྲངས་པ་རྣམས་ཀྱིས་རང་རང་སོ་སོའི་ཡུལ་གྱི་ཁྱད་ཆོས་དམིགས་བསལ་ཅན་ཡོད་པ་རྣམས་བོད་འབངས་ཀྱི་དོན་དུ་སྦ་གསང་མེད་པར་ལྷུག་པར་བསྩལ་བ་སོགས་ལ་བརྟེན་བོད་ཀྱི་གསོ་དཔྱད་ལ་དར་རྒྱས་ཆེན་པོ་བྱུང་། འོན་ཀྱང་བོད་ཀྱི་བཙན་པོ་གླང་དར་མའི་དུས་སུ་ནང་འཁྲུགས་དང་འབངས་གྱེན་ལོག་སོགས་དུས་བདེ་ཞོལ་འཇགས་མ་བྱུང་བ་དང་། ལྷག་ཏུ་སྔར་ནས་དར་བའི་དམ་པའི་ཆོས་ཀྱི་གཞི་རྩ་གཙུག་ལག་ཁང་རྟེན་དང་བརྟེན་པར་གཏོར་བཤིག་ཉམས་སྨད་ཚབས་ཆེན་བྱུང་བས། བོད་ཀྱི་གསོ་རིག་ལའང་དེ་འབྲེལ་གྱི་ཆགས་འཇིག་རབ་དང་རིམ་པ་བྱུང་ཡོད་པ་ནི་རིགས་པས་དཔག་ནུས་པ་ཞིག་གོ།

 

མཆན།  རྩོམ་ཐུང་འདི་ནི་བོད་ཀྱི་གསོ་རིག་ཆེད་མཁས་པ་བྱམས་པ་འཕྲིན་ལས་ལགས་ཀྱིས་མཛད་པའི《ཀྲུང་གོའི་བོད་ཀྱི་གསོ་བ་རིག་པ》ཞེས་པའི་ཆེད་རྩོམ་ལས་དྲངས་ཤིང་བཟོ་བཅོས་ཉུང་ཙམ་བྱས་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1