འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་ཉིས་སྟོང་ཉེར་གཉིས་ལོའི་སྤྱི་བའི་གླེང་སྟེགས་ནས་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་སླར་གསོ་གཙོ་བོར་བཟུང་ཡོད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 09-30



        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་ཉིས་སྟོང་ཉེར་གཉིས་ལོའི་སྤྱི་བའི་གླེང་སྟེགས་ཚེས་ཉེར་བདུན་ཉིན་རི་ནེ་ཝ་ནས་སྤེལ་མགོ་བརྩམས། ཚོགས་ཞུགས་མི་སྣ་དག་གིས་ཉོ་ཚོང་ཀྱིས་རིམས་ནད་རྗེས་ཀྱི་དཔལ་འབྱོར་སླར་གསོ་ལ་ཇི་ལྟར་སྐུལ་འདེད་གཏོང་བ་དང་། ཉོ་ཚོང་སྒྲིག་སྲོལ་དང་འབྲེལ་ཡོད་སྲིད་ཇུས་ཇི་ལྟར་ལེགས་བཅོས་བྱས་ཏེ། བབ་སྟུན་རང་བཞིན་དང་རྒྱུན་མཐུད་རང་བཞིན། བཟོད་སྒོམ་རང་བཞིན་བཅས་ལྡན་པའི་ཉོ་ཚོང་མ་ལག་འཛུགས་སྐྲུན་བྱེད་པར་གྲོས་བསྡུར་བྱེད་རྒྱུ་རེད། 

        འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་དབྱེ་ཝེ་ལཱ་ཡིས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་བཤད་རྒྱུར། འཛམ་གླིང་ཡོངས་ཀྱི་ཉོ་ཚོང་དང་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་དེ་དཀའ་སྡུག་གི་དུས་སྐབས་སུ་གནས་ཡོད་ཅིང་། འཛམ་གླིང་ཡོངས་སུ་ནམ་ཟླ་དང་ནུས་ཁུངས། འབྲུ་རིགས་སོགས་ཉམས་ཉེན་མང་བོའི་ཤུགས་རྐྱེན་ཐེབས་ཡོད་པས། ང་ཚོ་སྒྲོམ་གཞི་རྙིང་བ་ལས་ཕྱིར་བུད་དེ་བསམ་བློ་གཏོང་དགོས་པ་དང་། བྱེད་ཐབས་གསར་བ་སྤྱད་དེ་གནད་དོན་གསར་བ་ཐག་གཅོད་བྱེད་དགོས་ཟེར། 

        དབྱེ་ཝེ་ལཱ་ཡིས་བསྟན་དོན། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་ཉམས་རྒུད་དུ་འགྲོ་བའི་སྣང་ཚུལ་ཇེ་མང་དུ་སོང་བ་དང་ཉོ་ཚོང་གི་མདུན་ལྗོངས་མག་མོག་ཏུ་གྱུར་ཡོད། འཛམ་གླིང་དངུལ་ཁང་དང་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པ་སོགས་ཀྱིས་འཛམ་གླིང་ཡོངས་ཀྱི་སྔོན་རྩིས་འཕར་ཚད་ཇེ་དམའ་རུ་བཏང་ཡོད་ལ། འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་དཔལ་འབྱོར་རིག་པ་སྨྲ་བས་ཀྱང་ཟླ་བཞི་བར་སྤེལ་བའི་ལོ་ཧྲིལ་བོའི་ཉོ་ཚོང་ཚོད་དཔག་ལ་བཟོ་བཅོས་བྱེད་བཞིན་ཡོད་པ་དང་། དམིགས་ཚད་སོ་སོ་བལྟས་ཚོད་ཀྱིས་དེ་འདྲ་བཟང་རྒྱུ་མེད་ཟེར། 

        དབྱེ་ཝེ་ལཱ་ཡིས་བལྟས་ན་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་ཉམས་རྒུད་དུ་འགྲོ་བཞིན་ཡོད་པར་འདོད་ཡོད་ཀྱང་། ངེས་པར་དུ་སླར་གསོ་དང་འཕར་སྣོན་ལ་བསམ་བློ་གཏོང་དགོས་པ་དང་། ཁྱད་པར་དུ་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཁྲོད་ཅུང་དབུལ་ཕོངས་ཡིན་པའི་ཁོངས་གཏོགས་རྒྱལ་ཁབ་དག་ལ་མཚོན་ན་དེ་ཧ་ཅང་གལ་ཆེན་ཡིན་པ་ནན་བཤད་བྱས། 

        སྐབས་འདིའི་གླེང་སྟེགས་ཀྱི་ཚོགས་ཡུན་ཉིན་བཞི་ཡིན་པ་དང་། སྲིད་གཞུང་དང་ཁེ་ལས། རིག་གཞུང་ལས་རིགས། སྤྱི་ཚོགས་ལས་རིགས་སོ་སོའི་མི་སྣ་བཅས་མི་སྟོང་གསུམ་ལྷག་གླེང་སྟེགས་ལ་ཞུགས་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1