༄༅།།རིམས་ནད་སྐབས་ཀྱི་དུག་སེལ་བྱེད་ཐབས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 09-30



         དུག་སེལ་བྱེད་པ་ནི་ནད་དུག་འགོག་པའི་བྱེད་ཐབས་ནུས་ལྡན་ཞིག་ཡིན་མོད། འོན་ཀྱང་ལུགས་མཐུན་མིན་པའི་དུག་སེལ་གྱིས་ནད་དུག་འཇོམས་མི་ཐུབ་པར་མ་ཟད། དེ་ལས་ལྡོག་སྟེ་ལུས་ཕུང་དང་ཁོར་ཡུག་ལ་གནོད་འཚེ་ཐེབས་སྲིད། དེའི་རྐྱེན་གྱིས་དུག་སེལ་སྨན་རྫས་སྤྱོད་སྐབས་ཚང་མས་མཉམ་འཇོག་ལེགས་པོ་བྱེད་དགོས།


 ལས་ཁུངས་ནང་དུ་དུག་སེལ་བྱེད་ཐབས།

        རྒྱུན་དུ་རེག་ཐུག་བྱེད་དགོས་པའི་སྒོ་ལུང་དང་གློག་སྐས་མཐེབ་གནོན་སོགས་ལ་དུག་སེལ་དང་གཙང་སྦྲ་ལེགས་པོ་བྱེད་དགོས། དུས་རྒྱུན་དུ་དུག་སེལ་སྨན་རྫས་སྤྱད་དེ་ཉིན་རེར་ཐེངས་རེ་གཙང་མར་ཕྱིས་ནས་ནད་དུག་སྔོན་འགོག་བྱེད་དགོས།

        གད་སྙིགས་དང་བཤང་གཅི་དང་བཙོག་ཆུ་སོགས་མཉམ་གཅིག་ཏུ་བསྡུས་རྗེས་གནོད་མེད་ཐག་གཅོད་བྱེད་དགོས།

        ལག་པ་གཙང་མར་བཀྲུ་དགོས།


 མི་མང་འདུ་ས་རུ་དུག་སེལ་བྱེད་ཐབས།

        སྨན་ཁང་དང་གནམ་གྲུ་ཐང་། རླངས་འཁོར་འབབ་ཚིགས་སོགས་ཀྱི་མི་མང་འདུ་སའི་དངོས་པོ་རྣམས་ལ་དུག་སེལ་བྱེད་གྲངས་མང་དུ་གཏོང་དགོས།

        རྒྱུན་དུ་རེག་ཐུག་བྱེད་དགོས་པའི་སྒོ་ལུང་དང་གློག་སྐས་མཐེབ་གནོན་སོགས་གཙང་སྦྲ་དང་དུག་སེལ་ལེགས་པོ་བྱེད་དགོས།

        སློབ་གྲྭའི་ཁོར་ཡུག་ལ་གཙང་སྦྲ་དང་བཅོས་སྐྱོང་བྱེད་པར་ཤུགས་སྣོན་པ་དང་། ནང་སྒོས་སུ་སློབ་ཁང་དང་ཇ་ཁང་། ཉལ་ཁང་། སྤྱོད་ཁང་སོགས་གཙང་སྦྲ་ལེགས་པོ་བྱེད་དགོས་ལ། གཙང་སྦྲ་གཙོ་རུ་འཛིན་པ་དང་སྔོན་འགོག་རང་བཞིན་གྱི་དུག་སེལ་ཕལ་བར་བཟུང་ནས། བྱིས་པ་རྣམས་ཀྱི་ལག་པའི་གཙང་སྦྲར་དོ་དམ་ལེགས་པོ་བྱེད་དགོས།

        ཁང་པའི་ནང་དུ་རྫས་འགྱུར་དུག་སེལ་སྨན་རྫས་སྤྱད་དེ་མཁའ་དབུགས་ལ་དུག་སེལ་བྱེད་སྐབས།ངེས་པར་དུ་མི་མེད་པའི་སྐབས་སུ་དུག་སེལ་བྱེད་དགོས།

        གད་སྙིགས་དང་བཤང་གཅི།བཙོག་ཆུ་སོགས་གཅིག་ཏུ་བསྡུས་ཏེ་གནོད་མེད་ཐག་གཅོད་བྱེད་དགོས།


     ཁྱིམ་སྡོད་དུག་སེལ་བྱེད་སྐབས་ཀྱི་ནོར་འཁྲུལ་དྲུག

    གཅིག དུག་སེལ་ལས་དུས་རྒྱུན་གྱི་གཙང་སྦྲར་དོ་སྣང་མི་བྱེད་པ།

        ཁྱིམ་ཚང་ནང་གི་འགོག་སྲུང་ནི་གཙང་སྦྲ་གཙོ་རུ་བཟུང་སྟེ། དུག་སེལ་ཕལ་བར་འཛིན་དགོས་པ་ལས། ནད་དུག་འགོས་པར་དོགས་ནས་དུག་སེལ་ཚད་ལས་བརྒལ་བ་བྱེད་མི་རུང་། གལ་ཏེ་རང་ཉིད་ཡོད་སའི་སྡེ་ཁུལ་དུ་པྲོག་གསར་ནད་དཔེ་མེད་པ་དང་། ཁྱིམ་ཚང་དུ་མི་གཞན་པ་ཡོང་མྱོང་མེད་ལ། རང་ཉིད་ལོགས་བཀར་བྱས་ཡོད་པའི་དོགས་ཡོད་ནད་དཔེའང་མེད་ན། ཉི་མ་རེ་རེར་དུག་སེལ་བྱེད་དགོས་དོན་མེད། སྒེའུ་ཁུང་ཕྱེ་སྟེ་རླུང་རྒྱུ་རུ་འཇུག་པ་དང་གཙང་སྦྲ་ལེགས་པོ་བྱེད་པ་དང་། ཕྱི་ནས་ནང་དུ་ཡོང་ན་ལག་པ་གཙང་མར་བཀྲུས་པས་ཆོག


     གཉིས།དུག་སེལ་སྨན་རྫས་ཀྱི་གར་ཚད་མཐོ་བའམ་ཡང་ན་དམའ་བར་འདོད་པ།

    མི་ཁ་ཤས་ཤིག་གིས། དུག་སེལ་སྨན་རྫས་ཀྱི་གར་ཚད་ཇི་ལྟར་མཐོ་ན་ནད་དུག་འཇོམས་པའི་ནུས་པ་དེ་ལྟར་མཐོ་བར་འདོད་ཀྱིན་ཡོད། དོན་དངོས་སུ་དེ་འདྲ་ཞིག་མ་ཡིན་ཏེ། གར་ཚད་མཐོ་བའི་དུག་སེལ་གཤེར་ཁུ་ལ་སྤྱིར་བཏང་ཕོག་ཐུག་རང་བཞིན་ཆེ་བས། གར་ཚད་མཐོ་དྲགས་ན་མིའི་ཁ་ནང་དང་དབུགས་ལམ། གློ་བ་སོགས་ལ་གནོད་པ་དང་། ཐ་ན་དོན་སྣོད་དང་ཕུང་གྲུབ་ལ་གནོད་འཚེ་ཐེབས་པའི་ཉེན་ཁ་ཡོད། ཚོང་རར་རྒྱུ་བའི་དུག་སེལ་སྨན་རྫས་ནི་གསལ་བཤད་ཡི་གེ་ལྟར་སླ་བཟོ་བྱས་རྗེས་ད་གཟོད་བཀོལ་སྤྱོད་བྱེད་དགོས། ཆང་བཅུད་ཀྱིས་དུག་སེལ་བྱེད་ན་གར་ཚད75%ཅན་བདམས་པས་ཆོག


 གསུམ། རིགས་མི་འདྲ་བའི་དུག་སེལ་སྨན་རྫས་སྣ་ཚོགས་མཉམ་དུ་བསྲེས་ནས་བཀོལ་བ།

    རིགས་གཉིས་དང་ཡང་ན་དེའི་ཡན་གྱི་དུག་སེལ་སྨན་རྫས་མཉམ་དུ་བསྲེས་ནས་བཀོལ་སྤྱོད་བྱས་ན། རྫས་འགྱུར་འགྱུར་འབྱུང་གི་ཉེན་ཁ་ཆེ། 84དུག་སེལ་གཤེར་ཁུ་དང་ཆང་བཅུད་མཉམ་དུ་བསྲེས་ན་ཁིལ་རླུང་འབྱུང་བས། དབུགས་ལམ་ལ་ཕོག་ཐུག་དང་གནོད་འཚེ་ཐེབས་སྲིད། གར་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་རེར་ཧའོ་ཧྲིན3000ལ་སླེབས་ཚེ། མིའི་སྲོག་ཀྱང་འཕྲོག་སྲིད་པ་རེད། 84དུག་སེལ་གཤེར་ཁུ་དང་སྤྱོད་ཁང་གཙང་བཟོ་སྨན(洁厕剂)མཉམ་དུ་བསྲེས་ན། དུག་ལྡན་རླངས་གཟུགས་འབྱུང་བས། མིའི་མིད་པ་དང་དབུགས་ལམ །གློ་བ་སོགས་ལ་ཕོག་ཐུག་ཐེབས་པ་དང་དུག་ཕོག་སྲིད། གོས་འཁྲུ་འདག་རྫས་དང་དུག་སེལ་སྨན་རྫས་ཀྱང་མཉམ་དུ་བསྲེས་ནས་བཀོལ་མི་རུང་།


 བཞི།དུག་སེལ་སྨན་རྫས་བཀོལ་སྐབས་འགོག་སྲུང་ལེགས་པོ་མི་བྱེད་པ།

    དུག་སེལ་སྨན་རྫས་ལ་སྤྱིར་བཏང་ཕོག་ཐུག་རང་བཞིན་ཆེ་བས། དབུགས་ལམ་དང་སྐྱི་པགས་ལ་གནོད་འཚེ་ཐེབས་སྲིད། དུག་སེལ་སྨན་རྫས་བཀོལ་བའི་གོ་རིམ་ཁྲོད། ཁ་སྣ་བཏུམ་དགོས་ལ། ཆེས་བཟང་ན་ཁ་ཐུམ་རྒྱག་པ་དང་སྤྱོད་ཐེངས་གཅིག་གི་ལག་ཤུབས་གོན་ནས། གཤེར་ཁུ་ལུས་སྟེང་དུ་འཕྱོ་བ་འགོག་དགོས།


 ལྔ།ཁང་པའི་ནང་དུ་ཆང་བཅུད་གཏོར་ཏེ་དུག་སེལ་བྱེད་པ།

    ཁང་པའི་ནང་དུ་ཆང་བཅུད་གཏོར་ཏེ་དུག་སེལ་བྱེད་མི་རུང་།གློག་ཆས་ཀྱི་ཕྱི་ངོས་དུག་སེལ་བྱེད་པའི་སྐབས་སུ།ཐོག་མར་གློག་སྒོ་བསྡམས་ཏེ་གློག་ཆས་འཁྱག་པར་གྱུར་རྗེས་ད་གཟོད་དུག་སེལ་བྱེད་དགོས།དེ་མིན་འགད་གཏོར་འབྱུང་བའི་ཉེན་ཁ་ཡོད།


 དྲུག དུག་སེལ་གཤེར་ཁུས་ཆུ་ཡི་ཚབ་བྱས་ཏེ་ལག་པ་བཀྲུ་བ།

    ལག་པ་བཀྲུ་མི་དགོས་པའི་དུག་སེལ་གཤེར་ཁུའི་ནང་དུ་དུག་འཇོམས་དངོས་རྫས་འདུས་པས།ནད་དུག་འཇོམས་པའི་ནུས་པ་ངེས་ཅན་ཞིག་ལྡན་མོད།འོན་ཀྱང་དུག་འཇོམས་དངོས་རྫས་དེ་དག་ལ་ཕོག་ཐུག་རང་བཞིན་ཆེ་བས།སྐྱི་པགས་ལ་ཚོར་ཐལ་འབྱུང་བའི་ཉེན་ཁ་ཡོད།དེ་བས་གལ་ཏེ་ཆ་རྐྱེན་འཛོམས་ན། ལག་པ་ཆུ་ལ་བཀྲུས་ན་བཟང་ཞིང་།ལག་འཁྲུ་འདག་རྫས་སྤྱད་དེ་མཛུབ་མོ་དང་ལག་མཐིལ། ལག་ངར་སོགས་ཀྱི་གནས་སོ་སོ་གཙང་མར་བཀྲུ་དགོས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1