མི་དམངས་ཀྱི་བདེ་སྐྱིད་འཚོ་བ་ནི་འགྲོ་བ་མིའི་ཐོབ་ཐང་ཆེ་ཤོས་ཡིན།

དེབ་འདིའི་རྩོམ་སྒྲིག་ཁང་། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-30


“ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་པའི་ཉིན་དེ་ནས་བཟུང་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་ཀྲུང་ཧྭ་མི་རིགས་ལ་བསྐྱར་དར་དོན་གཉེར་བྱ་རྒྱུ་དེ་རང་ཉིད་ཀྱི་ཐོག་མའི་བསམ་འདུན་དང་འགན་འཁྲིར་བརྩིས་ཤིང་། ལོ་100ལྷག་རིང་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ཁེ་ཕན་ཆེད་འབད་འབུངས་བྱས་ཡོད།


 “ཡུན་རིང་དཀའ་སྤྱད་འབད་འཐབ་བྱས་པ་བརྒྱུད་ཀྲུང་གོས་བདེ་བླག་ངང་དུས་རབས་ཀྱི་རླབས་རྒྱུན་དང་བསྟུན་ཞིང་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ཀྱི་ལམ་བུ་ཞིག་བསྐྲུན་ཡོད།”


 “ང་ཚོས་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་རྒྱུན་ཆད་མེད་པར་འཕེལ་རྒྱས་གཏོང་བ་དང་། འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྐྱོང་འགན་ལེན་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་ཀྱི་དྲང་སྙོམ་དྲང་བདེན་སྲུང་སྐྱོང་བཅས་བྱས་པས་ཀྲུང་གོའི་མི་དམངས་ལ་དེ་བས་རྒྱ་ཁྱབ་དང་། དེ་བས་གང་ལེགས། དེ་བས་ཕྱོགས་ཡོངས་བཅས་ཀྱི་དམངས་གཙོའི་དབང་ཆ་ཡོད་ཅིང་། ཀྲུང་གོའི་མི་དམངས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་སྔར་བྱུང་མ་མྱོང་བའི་འགན་སྲུང་ཐོབ་ཡོད།”


 2022ལོའི་ཟླ་5ཚེས་25ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིན་དུ་བརྙན་ལམ་ཐོག་ནས་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་དོན་གྱི་མཐོ་རིམ་ཆེད་དོན་པཱ་ཆེ་ལེ་ཐེ་དང་མཇལ་འཛོམས་གནང་ཞིང་། ཀྲུང་གོའི་ལོ་རྒྱུས་དང་རིག་གནས་ལ་ཟུང་འབྲེལ་བྱས་ནས་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་རྒྱས་བཤད་གཏིང་ཟབ་གནང་སྟེ། ཀྲུང་གོས་འགྲོ་བ་མིའི་ཐོབ་ཐང་ལ་ཕྱོགས་ཡོངས་ནས་སྲུང་སྐྱོང་དང་འགན་སྲུང་བྱ་རྒྱུར་གཞོལ་བའི་རྩ་དོན་དང་ལངས་ཕྱོགས་གསལ་བཤད་གནང་བ་རེད།


 མི་རེ་རེར་འགྲོ་བ་མིའི་ཐོབ་ཐང་ལོངས་སྤྱོད་གང་ལེགས་བྱེད་རྒྱུ་ཡོད་པ་ནི་མིའི་རིགས་སྤྱི་ཚོགས་ཀྱི་ཐུན་མོང་གི་དོན་གཉེར་ཡིན་ལ། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱ་རྒྱུ་ནི་ཀྲུང་གོའི་གུང་ཁྲན་ཏང་མིས་འབད་བརྩོན་ལྷོད་མེད་བྱ་ཡུལ་དེ་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱ་རྒྱུ་དེ་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ལས་དོན་གལ་ཆེན་ཞིག་ཏུ་བརྩི་རྒྱུ་རྒྱུན་འཁྱོངས་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱས་བཤད་གལ་ཆེན་རབ་དང་རིམ་པ་དང་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་གནང་ནས་རང་རྒྱལ་གྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་བཏང་ཞིང་། འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་འཕེལ་རྒྱས་ཡོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། 2022ལོའི་ཟླ་2ཚེས་25ཉིན། སྐབས་བཅུ་དགུ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་གཏོང་བའི་ལམ་བུར་ཐུན་མོང་སློབ་སྦྱོང་ཐེངས་སོ་བདུན་པ་སྤེལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་ལ་གཙོ་སྐྱོང་གནང་བ་མ་ཟད་《བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་པ་དང་རང་རྒྱལ་གྱི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་དེ་བས་ལེགས་པོ་གཏོང་དགོས་》ཞེས་པའི་གསུང་བཤད་གལ་ཆེན་གནང་སྟེ། དུས་རབས་གསར་པའི་རང་རྒྱལ་གྱི་འགྲོ་བ་མིའི་ཐོབ་ཐང་གི་རིགས་པའི་གཞུང་ལུགས་དང་ལག་ལེན་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཕྱོགས་བསྡོམས་གཏིང་ཟབ་གནང་བ་དང་། འཐབ་ལམ་གསར་པའི་ཐོག་རང་རྒྱལ་གྱི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་རྒྱུའི་ཐད་བླང་བྱ་ཁ་གསལ་བཏོན།


 ——རང་རྒྱལ་གྱི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པའི་སྐོར། ཏང་གི་ལོ་བརྒྱའི་འབད་འཐབ་ལོ་རྒྱུས་ནན་བཤད་བྱེད་པ་ལ། ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་འགྲོ་བ་མིའི་ཐོབ་ཐང་བརྩོན་ལེན་དང་། འགྲོ་བ་མིའི་ཐོབ་ཐང་བརྩི་འཇོག། འགྲོ་བ་མིའི་ཐོབ་ཐང་འགན་སྲུང་། འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་བཅས་ཀྱི་ཆེད་དུ་འབད་བརྩོན་ལྷོད་མེད་བྱས་པ་དང་དཀྱུས་གཅིག་ཏུ་འབྲེལ་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱ་རྒྱུ་དེ་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ལས་དོན་གལ་ཆེན་ཞིག་ཏུ་བརྩི་རྒྱུ་རྒྱུན་འཁྱོངས་བྱས་ཤིང་། རང་རྒྱལ་གྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་བཏང་ཡོད།


 ——ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་གཏོང་ལམ་གྱི་ཁྱད་ཆོས་གཙོ་བོ་དང་རྩ་ཆེའི་ཉམས་མྱོང་སྐོར། ང་ཚོས་མར་ཁེ་སིའི་རིང་ལུགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྟ་བ་དེ་ཀྲུང་གོའི་དོན་དངོས་དང་ཟུང་འབྲེལ་དང་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱེད་རྒྱུ་ནན་བཤད་བྱས་ཤིང་། ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་། མི་དམངས་ཀྱི་བྱེད་པོའི་གོ་གནས་ལ་བརྩི་འཇོག་བྱེད་རྒྱུ་རྒྱུན་འཁྱོངས། རང་རྒྱལ་གྱི་དོན་དངོས་དང་བསྟུན་རྒྱུ་རྒྱུན་འཁྱོངས། འཚོ་གནས་ཀྱི་དབང་ཆ་དང་འཕེལ་རྒྱས་ཀྱི་དབང་ཆ་ཨང་དང་པོར་འཛིན་པའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྒྱུན་འཁྱོངས། ཁྲིམས་ལྟར་འགྲོ་བ་མིའི་ཐོབ་ཐང་འགན་ལེན་བྱ་རྒྱུ་རྒྱུན་འཁྱོངས། གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་ནང་ཧུར་ཐག་ཞུགས་རྒྱུ་རྒྱུན་འཁྱོངས་བཅས་བྱས་ཏེ། དུས་རབས་ཀྱི་རླབས་རྒྱུན་དང་འཚམ་ཞིང་ང་ཚོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་འགྲོ་བ་མིའི་ཐོབ་ཐང་གི་ལམ་བུ་ཞིག་བསྐྲུན་ཡོད།


 ——རང་རྒྱལ་གྱི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་འཕེལ་རྒྱས་གཏོང་བའི་གཙོ་གནད་ལས་དོན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར། རྒྱལ་ནང་དང་རྒྱལ་སྤྱིའི་ཁྱོན་ཡོངས་ལ་གཉིས་གཅིག་གྱུར་གྱིས་འཆར་འགོད་བྱེད་རྒྱུ་ནན་བཤད་བྱས་ཏེ། འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་ལས་དོན་ལེགས་པོ་བསྒྲུབ་པའི་གལ་ཆེའི་རང་བཞིན་དང་དགོས་གཏུག་ཆེ་བའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱེད་དགོས་ལ། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱེད་པར་སྔར་ལས་མཐོང་ཆེན་བྱེད་ཅིང་། འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བ་ལ་སོགས་པའི་ཐད་ཀྱི་ལས་དོན་གཙོ་གནད་དུ་བཟུང་ནས་དམ་འཛིན་ལེགས་པོ་བྱས་ཏེ་རང་རྒྱལ་གྱི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་སྐྱོན་བྲལ་ངང་གོང་དུ་འཕེལ་བར་སྐུལ་འདེད་གཏོང་དགོས།


 སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་འདི་ཕུགས་རྒྱང་རིང་ལ་གོ་དོན་ཟབ་པ་དང་། ནང་དོན་ཕུན་སུམ་ཚོགས་པ། བསམ་བློ་གཏིང་ཟབ་པ་བཅས་ཡིན་ཞིང་། དེང་རབས་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་གི་ལྟ་བའི་གཞི་རྩའི་འདུ་ཤེས་དང་ནང་དོན་ཚན་རིག་དང་མཐུན་པར་གསལ་བཤད་བྱས་ཡོད་པས། དུས་རབས་གསར་པའི་རང་རྒྱལ་གྱི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་འཕེལ་རྒྱས་གཏོང་བར་རྩ་བའི་སྲུང་བྱ་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་འདོན་སྤྲོད་བྱས་ཡོད།


 ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་འཕེལ་རྒྱས་གཏོང་བའི་ཚན་རིག་དང་མཐུན་པའི་ཁྲིད་སྟོན།


 སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མར་ཁེ་སིའི་རིང་ལུགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྟ་བ་རྒྱུན་འཁྱོངས་བྱས་ཤིང་། ཀྲུང་གོའི་གནའ་རབས་ཀྱི་བསམ་བློ་མཁས་ཅན་དང་ནུབ་ཕྱོགས་ཀྱི་བློ་འབྱེད་བསམ་བློ་མཁས་ཅན་གྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་བསམ་བློའི་ལྟ་བར་ཕྱིར་དྲན་དང་ཕྱོགས་བསྡོམས་གནང་ནས་“མིའི་ཚེ་སྲོག་དང་། རིན་ཐང་། ལ་རྒྱ་བཅས་ལ་གཅེས་སྐྱོང་བྱས་ནས་མི་ཚང་མར་འགྲོ་བ་མིའི་ཐོབ་ཐང་ལོངས་སུ་སྤྱོད་རྒྱུ་ཡོང་བ་བྱ་རྒྱུ་དེ་ནི་མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་ཐུན་མོང་གི་དོན་གཉེར་ཞིག་ཡིན་པར་”གསལ་འགྲེལ་ཟབ་མོ་གནང་ཡོད།


 སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འགྲོ་བ་མིའི་ཐོབ་ཐང་གི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅིས་ཁྱོན་ཡོངས་ལ་མིག་རྒྱང་བསྲིངས་ཤིང་སྤྱི་ཡོངས་ལ་བློ་རྒྱ་སྐྱེད་ནས་འགྲོ་བ་མིའི་ཐོབ་ཐང་གི་རིགས་པའི་གཞུང་ལུགས་དང་ལག་ལེན་འཚོལ་ཞིབ་ཀྱི་ཉམས་མྱོང་ལ་ཕྱོགས་ཡོངས་ནས་ཕྱོགས་བསྡོམས་བྱས་པ་དང་། ཀྲུང་གོའི་ལོ་རྒྱུས་དང་དོན་དངོས་ལ་ཟུང་འབྲེལ་བྱས་ཤིང་། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱ་རྒྱུར་དམིགས་ཏེ་རྒྱས་བཤད་གལ་ཆེན་རབ་དང་རིམ་པ་སྤེལ་ནས་དོན་སྙིང་ཟབ་ལ། བདེན་དོན་དང་བདེན་ལུགས་ཀྱི་མཐོ་གནོན་བཙན་ས་བཟུང་བའི་འདུ་ཤེས་གསར་པ་དང་། བསམ་བློ་གསར་པ། བླང་བྱ་གསར་པ་བཅས་རབ་དང་རིམ་པ་བཏོན་ནས། དུས་རབས་གསར་པའི་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་རྒྱུར་ཁྲིད་སྟོན་བྱས་ཤིང་། འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་ཡར་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཇུས་གཞི་ལེགས་སྐྱེས་སུ་ཕུལ་ཡོད།


 ——“ཀྲུང་གོའི་གུང་ཁྲན་ཏང་དང་ཀྲུང་གོ་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱེད་ཀྱི་ཡོད།” སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། “ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་པའི་ཉིན་དེ་ནས་བཟུང་། མི་དམངས་ཀྱི་ཆེད་དུ་བདེ་སྐྱིད་དོན་གཉེར་བྱ་རྒྱུ་དང་། མིའི་རིགས་ཀྱི་ཆེད་དུ་འཕེལ་རྒྱས་དོན་གཉེར་བྱ་རྒྱུ་དེ་འབད་འཐབ་ཀྱི་དམིགས་འབེན་དུ་བཟུང་ཡོད།” “ཀྲུང་གོས་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་རང་བཞིན་གྱི་རྩ་དོན་དང་ཀྲུང་གོའི་དོན་དངོས་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་དང་། མི་དམངས་ལ་བདེ་སྐྱིད་བསྐྲུན་པ། སྤྱི་ཚོགས་དྲང་སྙོམ་དྲང་བདེན་ཡོང་རྒྱུར་སྐུལ་འདེད་གཏོང་བ། འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྐྱོང་འགན་ལེན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་དཔལ་འབྱོར་དང་། སྤྱི་ཚོགས། རིག་གནས་ཁེ་དབང་། སྤྱི་དམངས་དང་ཆབ་སྲིད་ཁེ་དབང་བཅས་ཕྱོགས་ཡོངས་དང་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་བས་མི་དམངས་ཀྱི་འཚོ་གནས་དབང་ཆ་དང་འཕེལ་རྒྱས་ཀྱི་དབང་ཆའི་འགན་སྲུང་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད།”


 ——“བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དགོས།” སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། “འཛམ་གླིང་ཐོག་ཕྱོགས་བཞི་མཚམས་བརྒྱད་གང་དུ་སྤྱད་ནའང་འཕྲོད་པའི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ཀྱི་ལམ་བུ་ཞིག་མེད། འགྲོ་བ་མིའི་ཐོབ་ཐང་འགན་སྲུང་བྱེད་པར་སྔར་ལས་ཡག་པ་ཞེས་པ་ཞིག་ལས་ཆེས་ཡག་ཤོས་ཞེས་པ་ཞིག་མེད།” ང་ཚོས་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་འཕེལ་རྒྱས་གཏོང་བར་ནུབ་ཕྱོགས་ཀྱིས་བཏོན་པའི་ཚད་གཞི་དེ་ཚད་གཞིར་འཛིན་མི་རུང་། དུས་རིམ་གང་ཞིག་ཏུ་སླེབས་ནའང་འདྲ། ང་ཚོའི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་ཚང་མ་རང་རྒྱལ་གྱི་གནས་ཚུལ་དང་མི་དམངས་ཀྱི་བླང་བྱ་ལྟར་འཕེལ་རྒྱས་གཏོང་དགོས།” “ང་ཚོས་མར་ཁེ་སིའི་རིང་ལུགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྟ་བ་དེ་ཀྲུང་གོའི་དོན་དངོས་དང་ཟུང་འབྲེལ་དང་། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱས་ཏེ། ང་ཚོའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱས་པའི་ཉམས་མྱོང་བཟང་པོ་ཕྱོགས་བསྡོམས་བྱེད་པ་དང་། མིའི་རིགས་ཀྱི་ཤེས་དཔལ་གྱི་གྲུབ་འབྲས་ཕུལ་བྱུང་དཔྱད་གཞིར་བཟུང་ནས་དུས་རབས་ཀྱི་རླབས་རྒྱུན་དང་འཚམ་ཞིང་ང་ཚོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་འགྲོ་བ་མིའི་ཐོབ་ཐང་གི་ལམ་བུ་ཞིག་བསྐྲུན་ཡོད།


 ——“མི་དམངས་ལྟེ་བར་འཛིན་པའི་འགྲོ་བ་མིའི་ཐོབ་ཐང་གི་འདུ་ཤེས་ལག་བསྟར་བྱེད་དགོས།” སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། “མི་དམངས་ཀྱི་བདེ་སྐྱིད་འཚོ་བ་ནི་འགྲོ་བ་མིའི་ཐོབ་ཐང་ཆེ་ཤོས་ཡིན་པ་”དང་། “མི་དམངས་ཀྱིས་དགའ་སྐྱིད་ལྡན་པའི་འཚོ་བར་རེ་སྨོན་བྱེད་པ་ནི་ང་ཚོའི་འབད་འཐབ་ཀྱི་དམིགས་འབེན་ཡིན།” “དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་མཐར་གཏུགས་ནས་བཤད་ན་མི་དམངས་མང་ཚོགས་ཀྱི་དགའ་སྐྱིད་ལྡན་པའི་འཚོ་བའི་དགོས་མཁོ་ཟམ་མི་འཆད་པར་སྐོང་རྒྱུའི་ཆེད་དུ་ཡིན།”


 ——“འཚོ་གནས་དབང་ཆ་དང་འཕེལ་རྒྱས་དབང་ཆ་ནི་འགྲོ་བ་མིའི་ཐོབ་ཐང་ཨང་དང་པོ་ཡིན།” སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། “འཚོ་གནས་ནི་འགྲོ་བ་མིའི་ཐོབ་ཐང་ཡོད་ཚད་ལོངས་སུ་སྤྱོད་པའི་རྨང་གཞི་ཡིན།” “འཕེལ་རྒྱས་ནི་ཀྲུང་གོའི་གནད་དོན་ཡོད་ཚད་ཐག་གཅོད་བྱེད་པའི་འགག་རྩ་ཡིན།” “ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་པའི་ཐོག་ང་ཚོས་ངེས་པར་དུ་མི་དམངས་ཡོངས་རྫོགས་ཐུན་མོང་ཐོག་ཕྱུག་པོར་འགྱུར་བར་སྐུལ་འདེད་གཏོང་རྒྱུ་དེ་སྔར་ལས་གལ་འགངས་ཆེ་བའི་གནས་སུ་འཇོག་དགོས།” “རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་དེ་བས་ལེགས་པོ་ཡོད་པ་དང་། དེ་བས་འགན་སྲུང་ཡོད་པ། དེ་བས་རྒྱུན་མཐུད་ཐུབ་པ་བཅས་ཡོང་བར་བྱེད་དགོས།”


 ——“མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཨང་དང་པོར་འཇོག་དགོས།” སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། “མིའི་ཚེ་སྲོག་ནི་ཆེས་རྩ་ཆེ་བ་ཞིག་ཡིན། ཚེ་སྲོག་ནི་ཐེངས་གཅིག་མ་གཏོགས་མེད་པས། ཤོར་ན་ཕྱིར་ཡོང་མི་སྲིད།” “བདེ་ཐང་ནི་མི་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཡིན།” “མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་མདུན་དུ་ང་ཚོས་ངེས་པར་དུ་རིན་དོད་ཡོད་ཚད་གཏོང་དགོས་ལ་ང་ཚོས་ཀྱང་རིན་དོད་ཡོད་ཚད་གཏོང་ཐུབ་ཀྱི་ཡོད།” “སྐྱེས་ནས་ཆུ་ཚོད་30ལྷག་ཙམ་ལས་སོན་མེད་པའི་ཕྲུ་གུ་དམར་འབྱར་ནས་ལོ་100ལྷག་ཙམ་བར་གྱི་རྒན་རྒོན་དང་། ཀྲུང་གོར་སློབ་སྦྱོང་བྱེད་མཁན་ཕྱི་རྒྱལ་གྱི་སློབ་མ་ནས་ཀྲུང་གོར་ཡོང་མཁན་ཕྱི་རྒྱལ་གྱི་མི་སྣའི་བར། ཚེ་སྲོག་རེ་རེ་ཚང་མར་ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་བྱས་ནས་མིའི་ཚེ་སྲོག་དང་། མིའི་རིན་ཐང་། མིའི་ལ་རྒྱ་བཅས་ལ་བློ་རྩེ་གཅིག་སྒྲིམ་ངང་གཅེས་སྐྱོང་བྱེད་དགོས། དེ་ནི་ཀྲུང་གོའི་གུང་ཁྲན་ཏང་གིས་དམངས་ཀྱི་ཆེད་དུ་སྲིད་སྐྱོང་བའི་འདུ་ཤེས་ཀྱི་འགྲེལ་བཤད་ཡག་ཤོས་ཤིག་རེད། དེ་ནི་ཀྲུང་ཧྭའི་ཤེས་རིག་གིས་མིའི་ཚེ་སྲོག་ལ་མཐོང་ཆེན་བྱེད་པའི་ཀུན་སྤྱོད་འདུ་ཤེས་ཀྱི་མཚོན་ཚུལ་ཡག་ཤོས་ཤིག་རེད། དེ་ནི་ཀྲུང་གོའི་མི་དམངས་ཀྱིས་ཚེ་སྲོག་ལ་དད་གུས་བྱེད་པའི་མི་ཆོས་སྙིང་སྟོབས་ཀྱི་བདེན་དཔང་ཡག་ཤོས་ཤིག་ཀྱང་རེད།”


 ——“མིའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།” སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། “ང་ཚོའི་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་དང་། སྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་རྩ་བའི་དམིགས་ཡུལ་ནི་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བར་བརྟེན་ནས་མི་དམངས་ཀྱི་དངོས་པོའི་རིག་གནས་ཀྱི་འཚོ་བའི་ཆུ་ཚད་ཟམ་མི་འཆད་པར་མཐོ་རུ་བཏང་སྟེ་མི་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་གཏོང་རྒྱུ་དེ་ཡིན།” “ལས་བཟོ་མང་ཚོགས་ཀྱི་དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས་བཅས་ཀྱི་ཁེ་དབང་འགན་སྲུང་བྱ་རྒྱུ་ནི་རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་རྩ་བའི་བླང་བྱ་དང་། ཏང་དང་རྒྱལ་ཁབ་ཀྱི་བླ་ན་མེད་པའི་འགན་འཁྲི་ཡིན།” “ཀྲུང་གོའི་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་འབད་འཐབ་བྱེད་བཞིན་ཡོད། དེས་ཆུ་ཚད་དེ་བས་མཐོ་བའི་ཐོག་ནས་ཀྲུང་གོ་མི་དམངས་ཀྱི་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་དང་མིའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་ཐེབས་རྒྱུ་རེད།”


 ——“བུད་མེད་དང་། བྱིས་པ། རྒན་རྒོན། དབང་པོ་སྐྱོན་ཅན་སོགས་ཚོགས་སྤྱི་དམིགས་བསལ་ཅན་གྱི་ཁེ་དབང་ལ་འགན་སྲུང་སྔར་ལས་ཆེ་བ་ཡོང་བར་སྐུལ་འདེད་གཏོང་དགོས།” སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། “ཀྲུང་ཧྭ་མི་རིགས་ནི་ཁྱིམ་གཞིས་ཆེན་པོ་ཞིག་ཡིན་པས། ཁྱིམ་མི་ཚང་མས་འཚོ་བ་སྐྱིད་པོ་རོལ་དགོས།” “བུད་མེད་ཀྱི་ཁེ་དབང་ནི་མིའི་གཞི་རྩའི་ཐོབ་ཐང་ཡིན།” “ཕོ་མོ་འདྲ་མཉམ་གྱི་གཞི་རྩའི་རྒྱལ་ཇུས་རྒྱུན་འཁྱོངས་བྱས་ཏེ་བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་དགོས།” “རྒན་བཀུར་བྱམས་སྐྱོང་གི་སྲོལ་རྒྱུན་བཟང་པོ་དར་སྤེལ་ཤུགས་ཆེན་གཏོང་བ་དང་། རྒན་རྒོན་ལ་གཟིགས་སྐྱོང་བྱེད་པའི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་ཅིང་། རྒན་རྒོན་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཡག་པོ་བྱེད་དགོས།” “དབང་པོ་སྐྱོན་ཅན་གྱི་བྱ་གཞག་དེ་འཛུགས་སྐྲུན་བྱ་གཞག་ཁག་ཚང་མའི་ནང་བཅུག་ནས་དབང་པོ་སྐྱོན་ཅན་གྱི་ཁེ་དབང་འགན་སྲུང་ལམ་ལུགས་ཟམ་མི་འཆད་པར་འཐུས་སྒོ་ཚང་དུ་གཏོང་དགོས།”


 ——“འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྐྱོང་འགན་སྲུང་ལ་ཤུགས་སྣོན་བརྒྱབ་ནས་མི་དམངས་ཀྱིས་ཁྲིམས་ལྟར་རྒྱ་ཁྱབ་ཀྱི་ཁེ་དབང་དང་རང་དབང་ལོངས་སྤྱོད་ཐུབ་པའི་འགན་ལེན་བྱེད་དགོས།” སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། “སྤྱི་དམངས་ཡོངས་ལ་རྒྱ་ཁྱབ་ཀྱི་ཁེ་དབང་ལོངས་སུ་སྤྱོད་རྒྱུ་ཡོད་པར་ཁྲིམས་ལྟར་འགན་སྲུང་བྱེད་པ་དང་། སྤྱི་དམངས་ཀྱི་མི་ལུས་དབང་ཆ་དང་། རྒྱུ་ནོར་བདག་དབང་། གཞི་རྩའི་ཆབ་སྲིད་དབང་ཆ་སོགས་ཁེ་དབང་ཁག་ལ་གནོད་འཚེ་མི་ཕོག་པར་འགན་སྲུང་བྱེད་ཅིང་། སྤྱི་དམངས་ཀྱི་དཔལ་འབྱོར་དང་། རིག་གནས། སྤྱི་ཚོགས་སོགས་ཕྱོགས་གང་ཅིའི་ཐད་ཀྱི་ཁེ་དབང་དོན་འཁྱོལ་ཡོང་བར་འགན་ལེན་བྱེད་དགོས།” “ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་བྱེད་པ་ནི་ཁྲིམས་ལྟར་རྒྱལ་སྐྱོང་དང་། ཁྲིམས་ལྟར་སྲིད་སྐྱོང་། ཁྲིམས་ལྟར་སྲིད་འཛིན་བཅས་མཉམ་དུ་སྤེལ་རྒྱུ་རྒྱུན་འཁྱོངས་དང་། ཁྲིམས་སྐྱོང་རྒྱལ་ཁབ་དང་། ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་བཅས་གཞི་གཅིག་ཏུ་འཛུགས་སྐྲུན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཁྲིམས་འཛིན་གྱི་སྤྱིའི་ཡིད་རྟོན་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་ཏན་ཏིག་བྱ་རྒྱུ་དེ་ཡིན།” “མི་དམངས་མང་ཚོགས་ལ་བཅའ་ཁྲིམས་ཀྱི་ལམ་ལུགས་རེ་རེ་དང་། ཁྲིམས་བསྟར་གྱི་གཏན་འབེབས་རེ་རེ། ཁྲིམས་འཛིན་གྱི་གྱོད་གཞི་རེ་རེའི་ཁྲོད་ནས་དྲང་སྙོམས་དྲང་བདེན་མྱོང་ཚོར་ཐུབ་པར་བྱེད་དགོས།”


 ——“མིའི་རིགས་ཀྱི་ཤེས་དཔལ་གྱི་སྣ་མང་རང་བཞིན་ཕུན་སུམ་ཚོགས་སུ་གཏོང་བ་དང་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས།” སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། “འགྲོ་བ་མིའི་ཐོབ་ཐང་ལ་སྐུལ་འདེད་དང་སྲུང་སྐྱོང་བྱ་རྒྱུ་ནི་མིའི་རིགས་ཡོངས་ཀྱི་བྱ་གཞག་ཡིན།” “ཀྲུང་གོས་ཤེས་དཔལ་མི་འདྲ་བའི་དབར་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་ཤུགས་སྣོན་རྒྱག་པ་དང་རྒྱལ་ཁབ་ཁག་གི་འགྲོ་བ་མིའི་ཐོབ་ཐང་གི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་ཞིང་། རྒྱལ་ཁབ་ཁག་གི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་དེ་བས་ལེགས་པའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་འདོད་ཚུལ་འཛིན་གྱི་ཡོད།” “ང་ཚོས་ཞི་བདེ་དང་། འཕེལ་རྒྱས། དྲང་སྙོམ། དྲང་བདེན། དམངས་གཙོ། རང་དབང་བཅས་ཀྱི་མིའི་རིགས་ཡོངས་ཀྱི་ཐུན་མོང་རིན་ཐང་དར་སྤེལ་ཤུགས་ཆེན་བཏང་ནས་དེ་བས་དགའ་སྐྱིད་ལྡན་པའི་འཛམ་གླིང་ཞིག་བསྐྲུན་རྒྱུར་ཐུན་མོང་ཐོག་ཡང་དག་པའི་འདུ་ཤེས་ཀྱི་ཁྲིད་སྟོན་འདོན་སྤྲོད་བྱེད་དགོས།”


 དུས་རབས་གསར་པའི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད།


 རླངས་འཁོར་གྱི་དུང་སྒྲ་དང་བསྟུན་ནས་དངོས་ཟོག་གང་རེ་བླུག་པའི་ཀྲུང་ཡོབ་དུས་གཏན་མེ་འཁོར་ཞིག་ཞིན་ཅང་ཨ་ལ་ཧྲན་ཉག་ཁའི་ལྕགས་ལམ་འགག་སྒོ་ནས་ཨེ་ཤ་ཡ་དབུས་མ་དང་ཡོ་རོབ་རྒྱལ་ཁབ་ཏུ་བསྐྱོད་འགོ་ཚུགས། 2022ལོའི་ལོ་འགོའི་ཟླ་བཞིའི་རིང་། ཞིན་ཅང་ཧོར་གོ་སི་དང་ཨ་ལ་ཧྲན་ཉག་ཁའི་འགག་སྒོ་གཉིས་བརྒྱུད་དེ་རྒྱལ་མཚམས་ནས་ཕར་འགྲོ་ཚུར་འོང་བྱེད་པའི་ཀྲུང་གོ་དང་ཡོ་རོབ་(ཨེ་ཤ་ཡ་དབུས་མ་)དབར་གྱི་དུས་གཏན་མེ་འཁོར་ཐེངས་གྲངས་4000ལས་བརྒལ་བ་དེ་ན་ནིང་གི་དུས་མཚུངས་ལས་ཐེངས་གྲངས་4.8%འཕར་ཡོད།


 ཉེ་བའི་ལོ་ཤས་རིང་། ཞིན་ཅང་གི་སྤྱི་ཚོགས་ཁྱོན་ཡོངས་རྒྱུན་མཐུད་དང་བརྟན་ལྷིང་ངང་ལེགས་སུ་ཕྱིན་པ་དང་། དཔལ་འབྱོར་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ། ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་ཉིན་བཞིན་ཆེ་རུ་ཕྱིན་པ། མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་བྱུང་སྟེ། མི་རིགས་ཁག་གི་མི་དམངས་ཀྱི་ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས། རིག་གནས་སོགས་དབང་ཆ་ཁག་ལ་འགན་སྲུང་ཏན་ཏིག་ཐུབ་ཡོད།


 ད་ལྟའི་ཞིན་ཅང་ནི་ལོ་རྒྱུས་ཐོག་འཕེལ་རྒྱས་ཀྱི་དུས་སྐབས་བཟང་ཤོས་སུ་གནས་ཡོད། ཞིན་ཅང་གི་འཕེལ་རྒྱས་ཀྱི་གྲུབ་འབྲས་ནི་ཏག་ཏག་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་འཕེལ་རྒྱས་ཀྱི་བསྡུས་གཟུགས་ཤིག་ཡིན། ཀྲུང་གོའི་ཁྱོན་ཡོངས་ལ་བལྟས་ཚེ། སྤྱི་ལེ་གྲུ་བཞི་མ་ཁྲི་960ལྷག་གི་ཡངས་ཤིང་རྒྱ་ཆེ་བའི་ས་གཞི་ཆེན་པོའི་ཐོག་མི་ཚང་མས་ལ་རྒྱ་ལྡན་པའི་སྒོ་ནས་རང་ཉིད་འཕེལ་རྒྱས་གཏོང་བ་དང་སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་ཐུབ་པ་དང་། ཐུན་མོང་ཐོག་མི་ཚེའི་འབད་འཐབ་དང་ཕུགས་འདུན་མངོན་འགྱུར་བྱེད་པའི་གོ་སྐབས་ལོངས་སུ་སྤྱོད་རྒྱུ་ཡོད།


 གསུང་བཤད་གལ་ཆེན་འདིའི་ནང་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་རྒྱལ་གྱི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལ་ཕྱོགས་བསྡོམས་གཏིང་ཟབ་དང་རྒྱུད་རིམ་ལྡན་པའི་སྒོ་ནས་གསེད་དཀྲོལ་གནང་ཡོད།


 ——“ལོ་བརྒྱ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱུང་བ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱུང་ཞིང་། ལོ་རྒྱུས་རང་བཞིན་གྱི་སྒོ་ནས་དབུལ་པོ་དབུལ་རྐྱང་གི་གནད་དོན་ཐག་གཅོད་ཐུབ་ནས་རང་རྒྱལ་གྱི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་དངོས་པོའི་རྨང་གཞི་དེ་བས་བརྟན་པོ་ཞིག་བཏིང་ཡོད།” ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དབུལ་བྲལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པའི་འཐབ་ཇུས་བཀོད་སྒྲིག་བྱས་པ་དང་། མིའི་རིགས་ཀྱི་ལོ་རྒྱུས་ཐོག་གི་གཞི་ཁྱོན་སྔར་ན་མེད་པ་དང་། ནུས་ཤུགས་ཆེ་ཤོས་བཏོན་པ། ཕན་ཐོགས་པའི་མི་འབོར་མང་ཤོས་བཅས་ཀྱི་དབུལ་ཐར་འགག་སྒྲོལ་དམག་འཐབ་སྒྲིག་འཛུགས་དང་ལག་བསྟར་བྱས་ནས་དབུལ་པོ་དབུལ་རྐྱང་རྩ་མེད་བཟོ་བའི་དཀའ་ཚེགས་ཆེ་བའི་ལས་འགན་ལེགས་སྒྲུབ་བྱས་པ་རེད། ཕྱོགས་ཡོངས་ཀྱི་འབྱོར་འབྲིང་ནི་དཔལ་འབྱོར་ཕྱུག་པོ་དང་། ཆབ་སྲིད་དམངས་གཙོ། རིག་གནས་དར་རྒྱས། སྤྱི་ཚོགས་དྲང་སྙོམ། སྐྱེ་ཁམས་ལེགས་པོ་བཅས་ཀྱི་འབྱོར་འབྲིང་ཞིག་དང་། གྲོང་ཁྱེར་དང་གྲོང་གསེབ་བར་དང་། ས་ཁོངས་དང་ས་ཁོངས་ཁག་དབར་དོ་སྙོམས་ངང་འཕེལ་རྒྱས་ཡོང་བ་དང་མི་དམངས་ཡོངས་ལ་ཕན་པ་ཐོབ་པའི་འབྱོར་འབྲིང་ཞིག། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་དེ་ལ་ཕྱོགས་ཡོངས་ནས་འགན་སྲུང་བྱེད་པའི་འབྱོར་འབྲིང་ཞིག་བཅས་རེད། ཀྲུང་གོས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱས་ཏེ་འགྲོ་བ་མིའི་ཐོབ་ཐང་གི་རྨང་གཞི་བརྟན་དུ་བཏང་བ་དང་། འགྲོ་བ་མིའི་ཐོབ་ཐང་གི་ནང་དོན་ཕུན་སུམ་ཚོགས་སུ་བཏང་བ། འགྲོ་བ་མིའི་ཐོབ་ཐང་གི་མིག་རྒྱ་ཆེ་རུ་བཏང་བ་བཅས་བྱས་པ་དེའི་ཐོག་ནས་འགྲོ་བ་མིའི་ཐོབ་ཐང་ཕྱོགས་ཡོངས་ནས་འཕེལ་རྒྱས་བྱུང་བ་དང་དེ་ལ་དམངས་ཡོངས་ཀྱིས་མཉམ་སྤྱོད་བྱེད་པ་མཚོན་ཞིང་། ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་གི་ལེའུ་གསར་པ་ཞིག་བརྩམས་ཡོད།


 ——“བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ཟམ་མི་འཆད་པར་འཕེལ་རྒྱས་བཏང་བ་དང་། འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྐྱོང་འགན་སྲུང་ལ་སྐུལ་འདེད་བཏང་སྟེ་སྤྱི་ཚོགས་དྲང་སྙོམ་དྲང་བདེན་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་ཅིང་། མི་དམངས་ལ་དེ་བས་རྒྱ་ཁྱབ་དང་། དེ་བས་གང་ལེགས། དེ་བས་ཕྱོགས་ཡོངས་བཅས་ཀྱི་དམངས་གཙོའི་ཁེ་དབང་ལོངས་སུ་སྤྱོད་རྒྱུ་ཡོད།” དམངས་གཙོ་བཟང་པོ་ནི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་གི་རྨང་གཞི་ཡིན། རང་རྒྱལ་གྱི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོར་ལམ་ལུགས་ཀྱི་གོ་རིམ་ཆ་ཚང་ལྡན་པ་མ་ཟད། ད་དུང་ཆ་ཚང་བའི་སྒོ་ནས་ཐེ་ཞུགས་ལག་ལེན་བྱས་ཏེ། བརྒྱུད་རིམ་དམངས་གཙོ་དང་གྲུབ་འབྲས་དམངས་གཙོ། གོ་རིམ་དམངས་གཙོ་དང་དོན་དངོས་དམངས་གཙོ། ཐད་ཀར་དམངས་གཙོ་དང་གཞན་བརྒྱུད་དམངས་གཙོ། མི་དམངས་དམངས་གཙོ་དང་རྒྱལ་ཁབ་ཀྱི་འདོད་བློ་ཕན་ཚུན་གཅིག་གྱུར་ཡོང་བ་བཅས་མངོན་དུ་གྱུར་ཅིང་། དེ་ནི་ཕྲེང་ཐག་ཡོངས་དང་། ཕྱོགས་ཐམས་ཅད། ཕྱོགས་ཡོངས་ལ་ཁྱབ་པའི་དམངས་གཙོ་ཡིན་ལ། ཆེས་རྒྱ་ཁྱབ་དང་། ཆེས་དོན་དངོས། ཆེས་གོ་ཆོད་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཡིན།


 ——“དེ་བས་ལེགས་པ་དང་དེ་བས་སྤུས་ཚད་མཐོན་པོའི་ལས་ཞུགས་ལ་སྐུལ་འདེད་བཏང་སྟེ་འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་སློབ་གསོའི་མ་ལག་དང་། སྤྱི་ཚོགས་འགན་སྲུང་མ་ལག། སྨན་བཅོས་འཕྲོད་བསྟེན་མ་ལག་བཅས་བསྐྲུན་ནས་མི་དམངས་ཀྱི་འཚོ་བའི་ཁོར་ཡུག་གི་སྤུས་ཚད་ལེགས་སུ་ཤུགས་ཆེན་བཏང་ཡོད།” མི་དམངས་ཀྱིས་དགའ་སྐྱིད་ལྡན་པའི་འཚོ་བར་རེ་སྨོན་བྱེད་པ་ནི་ང་ཚོའི་འབད་འཐབ་ཀྱི་དམིགས་འབེན་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོར་ཕྲུ་གུར་གསོ་མཁན་ཡོད་པ་དང་། བསླབ་པར་འཁྲིད་མཁན་ཡོད་པ། ངལ་རྩོལ་ཐོབ་ཆ་ཡོད་པ། ན་དུས་སྨན་བཅོས་ཐུབ་པ། རྒས་དུས་འཚོ་རྟེན་ཡོད་པ། སྡོད་སའི་ཁང་པ་ཡོད་པ། གཉོམ་ཆུང་ལ་རོགས་སྐྱོར་ཡོད་པ་བཅས་ཀྱི་ཐད་རྒྱུན་ཆད་མེད་པར་འཕེལ་རྒྱས་གསར་པ་བྱུང་ཡོད། ཀྲུང་གོས་རྒན་གསོ་དང་། སྨན་བཅོས། སྤྱི་ཚོགས་རོགས་སྐྱོབ་སོགས་ཚུད་པའི་འཛམ་གླིང་ཐོག་གི་སྤྱི་ཚོགས་འགན་སྲུང་མ་ལག་ཆེ་ཤོས་བསྐྲུན་ཟིན་ཞིང་། རྒྱལ་དམངས་ཀྱི་སློབ་གསོ་མྱོང་བའི་དབང་ཆར་འགན་སྲུང་ཐོབ་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སློབ་ཡོན་མི་དགོས་པའི་འོས་འགན་སློབ་གསོ་ཕྱོགས་ཡོངས་ནས་མངོན་འགྱུར་བྱུང་ཡོད། སྐྱེ་ཁམས་ཁོར་ཡུག་ལ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ་དང་། དགུང་སྔོན་སྤྲིན་དཀར་འོག་གི་ལྗང་མདོག་གི་མངའ་ཁོངས་རྒྱུན་ཆད་མེད་པར་རྒྱ་ཆེར་ཕྱིན་པ་དང་། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་དེ་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་ངོས་འཛིན་དང་བྱ་སྤྱོད་དུ་གྱུར་ཡོད།


 ——“མི་དམངས་བླ་ན་མེད་པ་དང་ཚེ་སྲོག་ནི་བླ་ན་མེད་པ་རྒྱུན་འཁྱོངས་བྱས་ནས་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་ནུས་ལྡན་འཇལ་ནས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་ཚད་གཞི་མཐོ་ཤོས་ཀྱི་ཐོག་ནས་སྲུང་སྐྱོང་བྱས་ཡོད།” གློ་བུར་དུ་བྱུང་བའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་མདུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཨང་དང་པོར་བཞག་ཅིང་། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་དང་། ཕྱི་ནས་ནང་འདྲེན་འགོག་པ་དང་ནང་ནས་བསྐྱར་ལོག་འགོག་པ་རྒྱུན་འཁྱོངས། འགུལ་རྣམ་རྩ་མེད་བཟོ་བ་རྒྱུན་འཁྱོངས། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཅིག་གྱུར་འཆར་འགོད་རྒྱུན་འཁྱོངས་བཅས་བྱས་ཏེ། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་ཚད་གཞི་མཐོ་ཤོས་ཀྱི་ཐོག་ནས་སྲུང་སྐྱོང་བྱས་ཤིང་། རིམས་ནད་སྔོན་འགོག་འཐབ་རྩོད་ལ་འཐབ་ཇུས་ཀྱི་གྲུབ་འབྲས་གལ་ཆེན་ཐོབ་ཡོད།


 ——“ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། མི་རིགས་ཁག་ཚང་མ་འདྲ་མཉམ་ཡོང་བ་རྒྱུན་འཁྱོང་བྱེད་ཅིང་། མང་ཚོགས་ཀྱི་ཆོས་དད་ལ་བརྩི་འཇོག་བྱེད་པ་དང་མི་རིགས་ཁག་གི་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་ལེན་བྱེད་དགོས།” ང་ཚོའི་ཏང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་དེ་ཏང་གི་མི་རིགས་ལས་དོན་གྱི་གཙོ་རྐང་དུ་འཛིན་རྒྱུ་རྒྱུུན་འཁྱོངས་བྱས་ཤིང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཇུས་གཞི་དང་ཞིན་ཅང་སྐྱོང་བའི་ཇུས་གཞི་ཆེན་མོ་གཏན་འཁེལ་བྱས་ཏེ་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་བཏང་ཞིང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་ལམ་བུ་ཞིག་བསྐྲུན་ཡོད། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་ཐབས་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་དགོས།


 ——“ཁྲིམས་འཛིན་སྒྲིག་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། བདེ་འཇགས་ཀྲུང་གོ་དང་ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་ཅིང་། སྲིད་ཁྲིམས་དཔུང་ཁག་ལ་སློབ་གསོ་དག་ཐེར་གཏིང་ཟབ་བྱེད་པ། ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ཕྱོགས་ཡོངས་ནས་སྤེལ་བ། ཁྲིམས་འགལ་ཉེས་གསོག་སྣ་ཚོགས་ལ་རྡུང་རྡེག་ཚ་ནན་གཏོང་བ། སྤྱི་ཚོགས་ཡུན་རིང་བརྟན་ལྷིང་རྒྱུན་འཁྱོངས་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོབ་ཏན་ཏིག་བྱེད་དགོས།” ཁྲིམས་སྐྱོང་ནི་འགྲོ་བ་མིའི་ཐོབ་ཐང་གི་འགན་སྲུང་གལ་ཆེན་ཞིག་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་མཐོ་ཚད་ཐོག་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་བྱས་ཏེ། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱ་རྒྱུ་དེ་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་གྱི་དེ་བས་མངོན་གསལ་དོད་པའི་གོ་གནས་ཐོག་བཞག་ནས་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ཁྲིམས་སྐྱོང་ཅན་དུ་འཛུགས་སྐྲུན་བྱེད་པའི་དུས་རབས་གསར་པ་བཏོད་ཡོད།


 ——“འཛམ་གླིང་ཐོག་ཐེངས་བཞི་ལ་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་བྱ་སྤྱོད་འཆར་གཞི་རྒྱུན་མཐུད་ངང་གཏན་འབེབས་དང་ལག་ལེན་བསྟར་བའི་རྒྱལ་ཁབ་ཆེན་པོ་གཙོ་གྲས་ཉག་ཅིག་ཡིན།” རང་རྒྱལ་གྱིས་བློ་བརྟན་འགྱུར་མེད་ངང་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་འབྲེལ་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་བྱ་སྤྱོད་འཆར་གཞི་བཟོ་རྒྱུའི་སྐོར་གྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་འགོ་དང་ལེན་བྱེད་ཀྱི་ཡོད། 2009ལོ་ནས་བཟུང་སྔ་རྗེས་སུ་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་བྱ་སྤྱོད་འཆར་གཞི་ཐེངས་བཞི་གཏན་འབེབས་དང་ལག་བསྟར་བྱས་ཏེ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་འགྲོ་བར་སྐུལ་འདེད་བཏང་བ་དང་། ཁེ་དབང་ཁག་ལ་འགན་སྲུང་སྔར་ལས་ཏན་ཏིག་བྱས་པས། འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་འཕེལ་རྒྱས་གཏོང་བར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཀྲུང་གོས་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་བྱ་སྤྱོད་འཆར་གཞི་བསྟུད་མར་གཏན་འབེབས་དང་ལག་བསྟར་བྱས་པར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཆེད་མཁས་ཚང་མས་ཚད་མཐོའི་ཁས་ལེན་བྱེད་ཀྱི་ཡོད།


 ——“གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་ནང་ཧུར་ཐག་ཞུགས་ནས་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་འཕེལ་རྒྱས་ཆེད་ཀྲུང་གོའི་ལེགས་སྐྱེས་ཕུལ་བ་དང་ཀྲུང་གོའི་ཇུས་གཞི་མཁོ་འདོན་བྱས་ཡོད།” རང་ཉིད་དང་འཚམ་པའི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུ་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བའི་རྨང་གཞི་གལ་ཆེན་ཞིག་རེད། ཀྲུང་གོའི་མི་དམངས་དུང་ཕྱུར་14ལྷག་གི་འགྲོ་བ་མིའི་ཐོབ་ཐང་ལ་སྔར་བྱུང་མ་མྱོང་བའི་འགན་སྲུང་ཐོབ་པ་དེ་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་ཡར་ཐོན་ཡོང་བར་ལེགས་སྐྱེས་ཧ་ཅང་ཆེན་པོ་ཕུལ་བ་ཞིག་རེད། ཀྲུང་གོས་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་རང་བཞིན་གྱི་རྩ་དོན་དང་ཀྲུང་གོའི་དོན་དངོས་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཤིང་། འཚོ་གནས་དབང་ཆ་དང་འཕེལ་རྒྱས་དབང་ཆ་དེ་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཨང་དང་པོར་བརྩི་རྒྱུ་རྒྱུན་འཁྱོངས་བྱས་ནས་རྒྱལ་ཁབ་ཁག་དང་ལྷག་པར་དུ་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་འཕེལ་རྒྱས་གཏོང་ཆེད་ཉམས་མྱོང་གལ་ཆེན་མཁོ་འདོན་བྱས་ཡོད། ཉེ་བའི་ལོ་ཤས་རིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ནང་“མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་རྒྱུ་”དེ་བཀོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱིས་ཀྲུང་གོས་བཏོན་པའི་“འཕེལ་རྒྱས་ཀྱིས་འགྲོ་བ་མིའི་ཐོབ་ཐང་ཡོད་ཚད་ལོངས་སུ་སྤྱོད་རྒྱུར་ལེགས་སྐྱེས་འབུལ་རྒྱུ་”དང་“འགྲོ་བ་མིའི་ཐོབ་ཐང་ཁྱབ་ཁོངས་སུ་མཉམ་ལས་གཉིས་ཕན་ལ་སྐུལ་འདེད་གཏོང་རྒྱུ་”སོགས་ཀྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་བར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁས་ལེན་དང་རྒྱབ་སྐྱོར་རྒྱ་ཁྱབ་ཐོབ་ཡོད་པ་རེད།


 ཀྲུང་གོའི་ཁྱད་ཆོས་ལྡན་པའི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ཀྱི་ལམ་བུ་ཞིག་བདེ་བླག་ངང་བསྐྲུན་ཡོད།


 1991ལོའི་ཟླ་11པར། 《ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་གི་གནས་ཚུལ་》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ཁྱབ་བསྒྲགས་བྱས། ལོ་ངོ་30ལྷག་གི་རིང་། རང་རྒྱལ་གྱིས་སླར་ཡང་སྔ་རྗེས་སུ་《བོད་ཀྱི་བདག་དབང་གཏོགས་ཁོངས་དང་འགྲོ་བ་མིའི་ཐོབ་ཐང་གི་གནས་ཚུལ་》དང་། 《ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་འཕེལ་རིམ།》《ཀྲུང་གོའི་ཁྲིམས་འཛིན་ཁྱབ་ཁོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་གི་འཕེལ་རྒྱས་གསར་པ།》《ཀྲུང་གོའི་དབུལ་པོ་ཉུང་གཏོང་བྱ་སྤྱོད་དང་འགྲོ་བ་མིའི་ཐོབ་ཐང་གི་ཡར་ཐོན།》《ཞིན་ཅང་གི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་གི་འཕེལ་རྒྱས་དང་ཡར་ཐོན།》《ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ། ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་འཕེལ་རྒྱས་ཀྱི་འོད་སྟོང་འཕྲོ་བའི་ལེའུ་》སོགས་འགྲོ་བ་མིའི་ཐོབ་ཐང་གི་བརྗོད་དོན་གཙོ་བོར་བྱས་པའི་རྒྱབ་ཤ་དཀར་པོའི་དེབ་འགྲེམས་སྤེལ་བྱས་ཡོད། ལྷག་པར་དུ་2021ལོའི་ཟླ་6པར་ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བའི་སྐབས་སུ་ཁྱབ་བསྒྲགས་བྱས་པའི་《ཀྲུང་གོའི་གུང་ཁྲན་ཏང་གིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱས་པའི་ལག་ལེན་རླབས་པོ་ཆེ་》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ནང་ཀྲུང་གོའི་གུང་ཁྲན་ཏང་གིས་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་ལོ་རྒྱུས་དང་། འདུ་ཤེས། གྲུབ་འབྲས་བཅས་ཕྱོགས་ཡོངས་ནས་ངོ་སྤྲོད་བྱས་ཤིང་། ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ཀྱི་ལམ་བུའི་ལག་ལེན་རླབས་པོ་ཆེ་དང་། མངོན་གསལ་དོད་པའི་ཁྱད་ཆོས། འཛམ་གླིང་གི་དོན་སྙིང་བཅས་བརྒྱུད་རིམ་ལྡན་པའི་ངང་རྒྱས་བཤད་བྱས་ཡོད།


 ཀྲུང་གོར་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་། འགྲོ་བ་མིའི་ཐོབ་ཐང་འགན་སྲུང་། འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་གཏོང་བ་བཅས་མངོན་འགྱུར་བྱེད་པར་ད་ཡོད་ཀྱི་སྒྲོམ་གཞི་སྣ་ཚོགས་འདྲ་བཤུས་བྱེད་རྒྱུ་མེད་པར་ངེས་པར་དུ་རང་རྒྱལ་ཁབ་ཀྱི་དོན་དངོས་གཞིར་བཟུང་སྟེ་རང་ཉིད་ཀྱི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་གཏོང་བའི་ལམ་བུའི་ཐོག་བསྐྱོད་དགོས། གསུང་བཤད་གལ་ཆེན་འདིའི་ནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་“ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་དགོས་པ་”སོགས་ཕྱོགས་དྲུག་གི་ཐད་ནས་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ཀྱི་ཁྱད་ཆོས་གཙོ་བོ་ཕྱོགས་བསྡུས་གནང་ཡོད།


 ——“ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་དགོས།” ཀྲུང་གོའི་གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་ལ་ཀྲུང་གོའི་མི་དམངས་ཀྱི་བདེ་སྐྱིད་འཚོ་བ་ཡང་མེད། ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་ནི་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་འཕེལ་རྒྱས་དང་ཀྲུང་གོའི་མི་དམངས་ལ་འགྲོ་བ་མིའི་ཐོབ་ཐང་སྔར་བས་ལོངས་སྤྱོད་གང་ལེགས་ཡོད་པའི་རྩ་བའི་འགན་སྲུང་ཞིག་ཡིན། ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་གཏོང་ལམ་ཐད་ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱ་རྒྱུ་བཅས་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསལ་བཤད་གཏིང་ཟབ་གནང་དོན། “ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཀྱིས་རང་རྒྱལ་གྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་གི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོ་གཏན་འཁེལ་བྱས་ཡོད་ལ། ང་ཚོས་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱ་རྒྱུར་འགན་ལེན་དང་། འདྲ་མཉམ་ངང་འགྲོ་བ་མིའི་ཐོབ་ཐང་མཉམ་སྤྱོད་རྒྱུན་འཁྱོངས་བྱེད་པ། རྒྱུད་རིམ་ལྡན་པའི་བསམ་གཞིག་ཐོག་ནས་འགྲོ་བ་མིའི་ཐོབ་ཐང་འཛུགས་སྐྲུན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། འགྲོ་བ་མིའི་ཐོབ་ཐང་སྣ་ཚོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཆེས་རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་རྒྱུན་ཆད་མེད་པར་མངོན་འགྱུར་ཡག་པོ་དང་། སྲུང་སྐྱོང་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་གཏོང་རྒྱུ་གཏན་འཁེལ་བྱས་ཡོད།”


 ——“མི་དམངས་ཀྱི་བྱེད་པོའི་གོ་གནས་ལ་བརྩི་འཇོག་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས།” རྒྱལ་ཁབ་གཅིག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་ཚུལ་ཡག་པོ་ཡོད་མེད་ཀྱི་འགག་རྩ་དེ་རྒྱལ་ཁབ་དེ་གའི་མི་དམངས་ཀྱི་ཁེ་ཕན་སྲུང་སྐྱོང་ཐུབ་ཡོད་མེད་དང་། མི་དམངས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཆེ་རུ་ཕྱིན་ཡོད་མེད་ལ་བལྟ་དགོས། དེ་ནི་རྒྱལ་ཁབ་གཅིག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་ཚུལ་ལ་ཞིབ་དཔྱད་བྱེད་པའི་ཚད་གཞི་གལ་ཆེན་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་“མི་དམངས་ཀྱི་ཁེ་ཕན་དེ་གཞི་འཛིན་ས་དང་དོན་ལ་འབབ་སར་བརྩིས་ནས་མི་དམངས་ཀྱིས་སེམས་ཁུར་ཆེ་ཤོས་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ཟམ་མི་འཆད་པར་ཐག་གཅོད་ཡག་པོ་བྱས་ནས་མི་དམངས་རྣམས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་དུ་འཇུག་གང་ཐུབ་བྱ་རྒྱུ་དེ་ནི་འགྲོ་བ་མིའི་ཐོབ་ཐང་ཆེ་ཤོས་དེ་རེད་”ཅེས་ནན་གསུང་གནང་བ་རེད། འགྲོ་བ་མིའི་ཐོབ་ཐང་ནི་མི་ཁག་ཅིག་གམ་ཡང་ན་མི་ཉུང་ཤས་ཤིག་ལ་ཡོད་པའི་ཁྱད་དབང་ཞིག་མིན་པར། དེ་ནི་རྒྱ་ཆེའི་མི་དམངས་མང་ཚོགས་ལ་ཡོད་པའི་ཀུན་ཕན་རང་བཞིན་གྱི་འགྲོ་བ་མིའི་ཐོབ་ཐང་ཞིག་ཡིན། ང་ཚོས་མི་དམངས་དམངས་གཙོའི་ཁེ་དབང་འགན་སྲུང་དང་། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐུལ་སྤེལ་གང་ལེགས་བྱས་ཏེ། མི་དམངས་རྣམས་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་འཕེལ་རྒྱས་ལ་ཞུགས་མཁན་གཙོ་བོ་དང་། སྐུལ་འདེད་གཏོང་མཁན། ཁེ་ཕན་ཐོབ་མཁན་གཙོ་བོ་བཅས་སུ་འགྱུར་བར་བྱས་ཏེ། མིའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་དང་མི་དམངས་ཡོངས་རྫོགས་ཐུན་མོང་ཐོག་ཕྱུག་པོར་འགྱུར་བར་སྐུལ་འདེད་ཏན་ཏིག་བྱེད་པར་ངོ་བོའི་རང་བཞིན་ལྡན་པའི་གྲུབ་འབྲས་སྔར་ལས་མངོན་གསལ་ཐོབ་ཡོད།


 ——“རང་རྒྱལ་གྱི་དོན་དངོས་དང་བསྟུན་རྒྱུ་རྒྱུན་འཁྱོངས་བྱེད་དགོས།” རྒྱལ་ཁབ་ཁག་གི་གནས་ཚུལ་མི་འདྲ་ཞིང་། ལོ་རྒྱུས་རིག་གནས་དང་། སྤྱི་ཚོགས་ལམ་ལུགས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆུ་ཚད་བཅས་ལ་ཁྱད་པར་ཡོད་པས། ངེས་པར་དུ་རྒྱལ་ཁབ་དེ་གའི་དོན་དངོས་དང་མི་དམངས་ཀྱི་དགོས་མཁོར་གཞིགས་ནས་རང་ཉིད་དང་འཚམ་པའི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་གཏོང་བའི་ལམ་བུ་འཚོལ་ཞིབ་བྱེད་དགོས། དོན་དངོས་དང་ཁ་བྲལ་ཞིང་རྒྱལ་ཁབ་གཞན་གྱི་ལམ་ལུགས་ཇི་མ་ཇི་བཞིན་འདྲ་སྤོས་བྱས་ཚེ་ས་ཆུ་མི་འཕྲོད་པར་མ་ཟད། གནོན་འཚེ་རང་བཞིན་གྱི་མཇུག་འབྲས་ཐོན་སྲིད། མཐར་གནོད་འཚེ་ཕོག་མཁན་ནི་རྒྱ་ཆེའི་མི་དམངས་མང་ཚོགས་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་“རྒྱལ་ཁབ་ཁག་གི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་གཏོང་ལམ་དེ་ངེས་པར་དུ་རང་སོ་སོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་རྒྱལ་ཁབ་དེ་གའི་མི་དམངས་ཀྱི་བསམ་འདུན་ལ་གཞིགས་ནས་གཏན་འཁེལ་བྱེད་དགོས་”ཞེས་གསལ་པོར་བསྟན་ཡོད། ང་ཚོས་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་རང་བཞིན་གྱི་རྩ་དོན་དེ་ཀྲུང་གོའི་དོན་དངོས་དང་ཟུང་འབྲེལ་དང་། རང་རྒྱལ་གྱི་རྒྱལ་ཁབ་ཀྱི་གནས་ཚུལ་དང་མི་དམངས་ཀྱི་རེ་འདུན་ལ་གཞིགས་ནས་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་འཕེལ་རྒྱས་གཏོང་བར་སྐུལ་འདེད་བཏང་སྟེ། མི་དམངས་ཀྱིས་ཁྲིམས་ལྟར་རྒྱ་ཆེ་གང་ལེགས་དང་། ངོ་མ་ཞིབ་ཕྲ། ནུས་ལྡན་གོ་ཆོད་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལོངས་སུ་སྤྱོད་ཐུབ་པར་འགན་ལེན་ཏན་ཏིག་བྱས་ཡོད།


 ——“འཚོ་གནས་ཀྱི་དབང་ཆ་དང་འཕེལ་རྒྱས་ཀྱི་དབང་ཆ་གཙོ་བོར་འཛིན་པའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྒྱུན་འཁྱོངས་བྱེད་དགོས།” འགྲོ་བ་མིའི་ཐོབ་ཐང་གི་གོ་དོན་ནི་ཕྱོགས་ཡོངས་དང་ཕུན་སུམ་ཚོགས་པོ་ཞིག་ཡིན་པས་ངེས་པར་དུ་ཕྱོགས་བསྡུས་ཐོག་ནས་སྲིད་ཇུས་ལག་བསྟར་དང་རྒྱུད་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་དགོས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་མཚོན་ན། འཚོ་གནས་དབང་ཆ་དང་འཕེལ་རྒྱས་དབང་ཆ་ནི་འགྲོ་བ་མིའི་ཐོབ་ཐང་ཨང་དང་པོ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། “འཚོ་གནས་ནི་འགྲོ་བ་མིའི་ཐོབ་ཐང་ཡོད་ཚད་ལོངས་སུ་སྤྱོད་པའི་རྨང་གཞི་ཡིན་ལ། མི་དམངས་ཀྱི་བདེ་སྐྱིད་འཚོ་བ་ནི་འགྲོ་བ་མིའི་ཐོབ་ཐང་ཆེ་ཤོས་ཡིན།” ང་ཚོས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་དང་། གནད་འཁེལ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་དོན་འཁྱོལ་བྱས་ཏེ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་དང་། མི་དམངས་ཀྱི་ཆེད་དུ་འཕེལ་རྒྱས་གཏོང་བ་དང་མི་དམངས་ལ་བརྟེན་ནས་འཕེལ་རྒྱས་གཏོང་བ། མི་དམངས་ཀྱིས་འཕེལ་རྒྱས་གྲུབ་འབྲས་མཉམ་སྤྱོད་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ཤིང་། མི་དམངས་ཀྱིས་སེམས་ཁུར་ཆེ་ཤོས་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས། དོན་དངོས་དང་མཐུན་ཤོས་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ཐག་གཅོད་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ་དང་། འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་གནད་དོན་ཐག་གཅོད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་སྤུས་ཚད་དེ་བས་མཐོན་པོ་དང་། ལས་ཕྱོད་དེ་བས་ཆེ་བ། དྲང་གཞག་དེ་བས་ཆེ་བ། རྒྱུན་མཐུད་དེ་བས་ཐུབ་པ་དང་། བདེ་འཇགས་དེ་བས་ལྡན་པ་བཅས་ཀྱི་འཕེལ་རྒྱས་ཧུར་ཐག་ཡོང་བ་བྱས་ནས་འཕེལ་རྒྱས་གཏོང་བའི་ཁྲོད་རྒྱ་ཆེའི་མི་དམངས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་དེ་བས་འཐུས་ཚང་དང་། དེ་བས་འགན་ལེན་ཡོད་པ། དེ་བས་རྒྱུན་མཐུད་ཐུབ་པ་བཅས་ཡོང་བ་བྱེད་དགོས།


 ——“འགྲོ་བ་མིའི་ཐོབ་ཐང་ལ་ཁྲིམས་ལྟར་འགན་སྲུང་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས།” ཁྲིམས་སྐྱོང་ནི་རྒྱལ་སྐྱོང་སྲིད་གཉེར་གྱི་གཞི་རྩའི་བྱེད་ཐབས་ཤིག་དང་འགྲོ་བ་མིའི་ཐོབ་ཐང་ནི་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་གྱི་མཚོན་རྟགས་ཤིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་“ཁྲིམས་སྐྱོང་ནི་འགྲོ་བ་མིའི་ཐོབ་ཐང་གི་འགན་ལེན་ནུས་ལྡན་ཞིག་རེད་”ཅེས་བསྟན་ཡོད། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་བྱས་ཏེ་འགྲོ་བ་མིའི་ཐོབ་ཐང་ཁྲིམས་སྐྱོང་ཅན་གྱི་འགན་སྲུང་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་ཞིང་། མི་དམངས་ལ་དབང་ཆ་དང་རང་དབང་སྔར་བས་གང་ལེགས་ལོངས་སུ་སྤྱོད་རྒྱུ་ཡོད་པའི་འགན་ལེན་བྱ་རྒྱུ་ནི་ཀྲུང་གོའི་གུང་ཁྲན་ཏང་གི་བློ་བརྟན་འགྱུར་མེད་ཀྱི་བློ་སྟོབས་དང་འབད་བརྩོན་ལྷོད་མེད་ཀྱི་དོན་གཉེར་ཡིན། ང་ཚོས་བཅའ་ཁྲིམས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་པ་རྒྱུན་འཁྱོངས་དང་། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱ་རྒྱུ་དེ་ཁྲིམས་འཛུགས་དང་། ཁྲིམས་བསྟར། ཁྲིམས་འཛིན། ཁྲིམས་སྲུང་བཅས་ཀྱི་ལྷུ་ཚིགས་ཁག་ལ་ཁྱབ་པར་བྱས་ཏེ། ཁེ་དབང་དྲང་སྙོམ་དང་། གོ་སྐབས་འདྲ་མཉམ། སྒྲིག་སྲོལ་དྲང་གཞག་བཅས་མཚོན་པའི་བཅའ་ཁྲིམས་ལམ་ལུགས་གང་མགྱོགས་འཐུས་ཚང་དུ་བཏང་ཡོད། སྤྱི་དམངས་ཀྱི་མི་ལུས་དབང་ཆ་དང་། རྒྱུ་ནོར་བདག་དབང་། མི་གཤིས་དབང་ཆ་ལ་བཅས་འགན་སྲུང་དང་། སྤྱི་དམངས་རྣམས་དམངས་གཙོའི་འདེམས་བསྐོ་དང་། དམངས་གཙོའི་གྲོས་མོལ། དམངས་གཙོའི་ཇུས་ཐག་གཅོད་པ། དམངས་གཙོའི་དོ་དམ། དམངས་གཙོའི་ལྟ་སྐུལ་སོགས་ཀྱི་གཞི་རྩའི་ཆབ་སྲིད་ཁེ་དབང་ལ་ཞུགས་པར་འགན་སྲུང་བྱས་ཏེ། སྤྱི་དམངས་ཀྱི་དཔལ་འབྱོར་དང་། རིག་གནས། སྤྱི་ཚོགས། ཁོར་ཡུག་སོགས་ཕྱོགས་གང་ཅིའི་ཐད་ཀྱི་ཁེ་དབང་འགན་སྲུང་བཅས་བྱས་ཤིང་། འགྲོ་བ་མིའི་ཐོབ་ཐང་ཁྲིམས་སྐྱོང་ཅན་དུ་འགྱུར་བའི་འགན་སྲུང་ཆུ་ཚད་ཟམ་མི་འཆད་པར་མཐོ་རུ་གཏོང་དགོས།


 ——“གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་ནང་ཧུར་ཐག་གིས་ཞུགས་རྒྱུ་རྒྱུན་འཁྱོངས་བྱེད་དགོས།” འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་གཏོང་རྒྱུ་ནི་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་བྱ་གཞག་ཡིན་པས་འཛམ་གླིང་རྒྱལ་ཁབ་ཁག་གིས་ཐུན་མོང་ཐོག་འབད་བརྩོན་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། “རྒྱལ་ཁབ་ཚང་མར་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ཀྱི་ལམ་བུ་རང་ཚུགས་ངང་གདམ་ག་བྱེད་དབང་ཡོད་པ་དང་། ཤེས་དཔལ་མི་འདྲ་བ་དང་རྒྱལ་ཁབ་མི་འདྲ་བའི་དབར་ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་བསྟུན་མཁས། ཕན་ཚུན་སྤེལ་རེས། ཕན་ཚུན་དཔྱད་གཞིར་འཛིན་པ་བཅས་བྱེད་དགོས།” ང་ཚོས་ཐོག་མཐའ་བར་གསུམ་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ཀྱི་དམིགས་ཡུལ་དང་རྩ་དོན་བརྩི་སྲུང་བྱས་ཤིང་། གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་ནང་ཧུར་ཐག་གིས་ཞུགས་པ་དང་། མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་གཏོང་བ། ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་བ། འགྲོ་བ་མིའི་ཐོབ་ཐང་ཚུད་པའི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྒྱུར་བཅོས་དང་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་པ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ང་ཚོའི་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་ཧུར་ཐག་བཏང་ལ། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ཡོད།


 “མཐའ་འཁྱོངས་6”ནི་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་འགྲོ་བའི་ཁྱད་ཆོས་གཙོ་བོ་ཡིན་ལ། རང་རྒྱལ་གྱི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་འཕེལ་རྒྱས་གཏོང་བའི་རྩ་ཆེའི་ཉམས་མྱོང་ཡང་ཡིན་པས། ངེས་པར་དུ་ལག་ལེན་གསར་པ་དང་ཟུང་འབྲེལ་བྱས་ནས་རྒྱུན་ཆད་མེད་པར་རྒྱུན་འཁྱོངས་ཡག་པོ་དང་འཕེལ་རྒྱས་ཡག་པོ་གཏོང་དགོས།


 རང་རྒྱལ་གྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།


 “ཀྲུང་གོའི་གུང་ཁྲན་ཏང་དང་ཀྲུང་གོའི་སྲིད་གཞུང་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱས་ཏེ་མི་དམངས་ཀྱི་ཁེ་ཕན་དེ་ཐོག་མཐའ་བར་གསུམ་དུ་བླ་ན་མེད་པའི་གོ་གནས་ཐོག་བཞག་ནས་མི་དམངས་ཀྱིས་དགའ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་དེ་འབད་འཐབ་དམིགས་འབེན་དུ་བརྩིས་ཤིང་། ཀྲུང་གོའི་མི་དམངས་ཀྱི་གཞི་རྩའི་ཁེ་དབང་ཁག་ལ་བརྩི་འཇོག་དང་འགན་སྲུང་བྱེད་པའི་ཆུ་ཚད་ཟམ་མི་འཆད་པར་མཐོ་རུ་བཏང་ཡོད།”


 ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་སྟོན་འོག་ང་ཚོའི་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་འབེན་དུས་བཀག་ལྟར་མངོན་འགྱུར་བྱས་ནས་མི་དམངས་དང་ལོ་རྒྱུས་ལ་གཟི་བརྗིད་ལྡན་པའི་དམ་བཅའ་བཞག་པ་དེ་མངོན་སུམ་དུ་གྱུར་ཡོད། ད་ལྟ་ང་ཚོའི་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་ལ་དཔུང་སྐྱོད་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་བཏོད་པ་དེ་ནི་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་འཕེལ་རྒྱས་གཏོང་བའི་འགོ་ཚུགས་ས་གསར་པ་ཞིག་རེད། གསུང་བཤད་གལ་ཆེན་འདིའི་ནང་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱོགས་5ཡི་ཐད་ནས་རང་རྒྱལ་གྱི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་སྐྱོན་བྲལ་ངང་གོང་དུ་འཕེལ་བར་སྐུལ་འདེད་གཏོང་བར་གཙོ་གནད་དུ་བཀོད་སྒྲིག་གནང་ཡོད།


 ——“འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།” འཐབ་ལམ་གསར་པའི་ཐོག་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཇི་ལྟར་གཏོང་དགོས་སམ་ཞེ་ན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བླང་བྱ་གསལ་པོ་བཏོན་ཏེ། “ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ཀྱི་ལམ་བུ་རྒྱུན་འཁྱོངས་བྱས་ཤིང་། མི་དམངས་ཀྱིས་དགའ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་རེ་བ་དང་བསྟུན་པ། མི་དམངས་ཀྱི་ཉིན་བཞིན་ཇེ་ཆེར་འགྲོ་བཞིན་པའི་ཕྱོགས་མང་པོའི་ཁེ་དབང་གི་དགོས་མཁོ་ཟམ་མི་འཆད་པར་སྐོང་ཐབས་བྱས་ལ། དཔལ་འབྱོར་འཕེལ་རྒྱས་དང་། དམངས་གཙོའི་ཁྲིམས་འཛིན། བསམ་བློ་རིག་གནས། དྲང་སྙོམ་དྲང་བདེན། སྤྱི་ཚོགས་བཅོས་སྐྱོང་། ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་འཛུགས་སྐྲུན་ལ་སྤྱི་འདོམས་སྒོས་སྐུལ་འདེད་བཏང་སྟེ་ལས་ཞུགས་དང་། ཡོང་འབབ་བགོ་བཤའ། སློབ་གསོ། སྤྱི་ཚོགས་འགན་བཅོལ། སྨན་བཅོས། སྡོད་ཁང་། རྒན་གསོ། བྱིས་སྐྱོང་སོགས་ཕྱོགས་གང་ཅིའི་ལས་དོན་ཕྱོགས་ཡོངས་ནས་ཡག་པོར་བསྒྲུབས་ཏེ་དངོས་པོའི་དཔལ་ཡོན་དང་། ཆབ་སྲིད་ཀྱི་དཔལ་ཡོན། བསམ་པའི་དཔལ་ཡོན། སྤྱི་ཚོགས་ཀྱི་དཔལ་ཡོན། སྐྱེ་ཁམས་ཀྱི་དཔལ་ཡོན་བཅས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་ཁྲོད་འགྲོ་བ་མིའི་ཐོབ་ཐང་གི་འགན་སྲུང་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས།”


 ——“འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྐྱོང་འགན་སྲུང་ལ་ཤུགས་སྣོན་རྒྱག་དགོས།” ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་རྩ་བའི་དམིགས་ཡུལ་ནི་ཁྲིམས་ལྟར་མི་དམངས་ཀྱི་ཁེ་དབང་འགན་སྲུང་བྱ་ཆེད་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བླང་བྱ་ཕྱོགས་གཉིས་བཏོན་པ་སྟེ། གཅིག་ནི་ཁྲིམས་སྐྱོང་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ཟབ་སྤེལ་དང་། འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྐྱོང་འགན་སྲུང་ལམ་སྲོལ་འཐུས་ཚང་དུ་གཏོང་བ། འགྲོ་བ་མིའི་ཐོབ་ཐང་དེ་ཁྲིམས་འཛུགས་དང་། ཁྲིམས་བསྟར། ཁྲིམས་འཛིན། ཁྲིམས་སྲུང་བཅས་ཀྱི་ཕྲེང་ཐག་ཡོངས་དང་། བརྒྱུད་རིམ་ཧྲིལ་པོ། ཕྱོགས་ཐམས་ཅད་ལ་ཁྱབ་པར་བརྩི་འཇོག་དང་འགན་སྲུང་བྱས་ཏེ། མི་དམངས་མང་ཚོགས་ལ་བཅའ་ཁྲིམས་ཀྱི་ལམ་ལུགས་རེ་རེ་དང་། ཁྲིམས་བསྟར་གྱི་གཏན་འབེབས་རེ་རེ། ཁྲིམས་འཛིན་གྱི་གྱོད་དོན་རེ་རེ་བཅས་སུ་དྲང་སྙོམ་དྲང་བདེན་ཚོར་དུ་འཇུག་དགོས། གཉིས་ནི་ཁྲིམས་སྐྱོང་ཁྱབ་ཁོངས་ཀྱི་མི་དམངས་མང་ཚོགས་བསམ་འཆར་ཆེ་བའི་གནད་དོན་མངོན་གསལ་ཅན་ལ་རྒྱུད་རིམ་ལྡན་པའི་སྒོ་ནས་ཞིབ་འཇུག་འཆར་འགོད་དང་ཐག་གཅོད་བྱས་ཏེ། མི་དམངས་མང་ཚོགས་ཀྱི་རེ་ཞུ་ལ་ཁྲིམས་ལྟར་དྲང་གཞག་གི་སྤྱོད་ཚུལ་འཛིན་པ་དང་། ཁྲིམས་འཛིན་དྲང་གཞག་མིན་པའི་རྐྱེན་གྱིས་མི་དམངས་མང་ཚོགས་ཀྱི་བརྩེ་དུང་ལ་གནོད་འཚེ་གཏོང་བ་དང་མི་དམངས་མང་ཚོགས་ཀྱི་ཁེ་དབང་ལ་གནོད་འཚེ་གཏོང་བའི་གནས་ཚུལ་ཐོན་རིགས་མཐའ་གཅིག་ཏུ་གཏན་འགོག་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅིས་“མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་མཐའ་དག་དང་། མང་ཚོགས་ཀྱི་ཁེ་དབང་ལ་གནོད་འཚེ་གཏོང་བའི་གནད་དོན་མཐའ་དག་སྣང་མེད་དུ་བཞག་ནས་དོ་ཁུར་གཏན་ནས་མི་བྱེད་པའི་སྣང་ཚུལ་མཐའ་དག་ལ་ངེས་པར་དུ་སྒྲིག་ཁྲིམས་དང་བཅའ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་ནན་པོ་དང་འགན་འཁྲི་བདའ་འདེད་མཐའ་གཅིག་ཏུ་གཏོང་དགོས་”ཞེས་དམིགས་སུ་བཀར་ནས་ནན་གསུང་གནང་ཡོད།


 ——“འགྲོ་བ་མིའི་ཐོབ་ཐང་གི་ལྟ་བ་ཡང་དག་པ་དར་སྤེལ་གཏོང་དགོས།” སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱོགས་6གི་ཐད་ནས་བླང་བྱ་བཏོན་ཡོད་དེ། གཅིག་ནས་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་དྲིལ་བསྒྲགས་བྱེད་པ་དང་ཤེས་བྱ་ཁྱབ་གདལ་བཏང་སྟེ་སྤྱི་ཚོགས་ཡོངས་སུ་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱེད་པའི་ཁོར་ཡུག་བཟང་པོ་བསྐྲུན་དགོས། གཉིས་ནས་མི་དམངས་ཡོངས་དང་ལྷག་པར་དུ་རྒྱ་ཆེའི་གཞོན་ནུ་ལོ་ཆུང་ཚོའི་ཁྲོད་དུ་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་ཤེས་བྱའི་སློབ་གསོ་སྤེལ་ནས་མར་ཁེ་སིའི་རིང་ལུགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྟ་བ་དང་དེང་རབས་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ལྟ་བའི་སློབ་གསོ་དེ་རྒྱལ་དམངས་སློབ་གསོའི་མ་ལག་ནང་འཇུག་དགོས། གསུམ་ནས་གཞུང་དོན་ལས་བྱེད་པ་དང་ཁྱད་པར་དུ་གཞི་རིམ་གྱི་གཞུང་དོན་ལས་མིར་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་ཤེས་བྱ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། བཞི་ནས་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱི་དགེ་མཚན་འདོན་སྤེལ་བྱས་ནས་བུད་མེད་དང་། བྱིས་པ། རྒན་རྒོན། དབང་པོ་སྐྱོན་ཅན་སོགས་དམིགས་བསལ་ཚོགས་སྤྱི་ཁག་གི་ཁེ་དབང་སྔར་བས་འགན་ལེན་ཐུབ་པ་བྱེད་དགོས། ལྔ་ནི་རང་རྒྱལ་གྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་འཕེལ་རྒྱས་ཀྱི་གསོན་ཉམས་ལྡན་པའི་ལག་ལེན་ལ་བརྟེན་ནས་ཐོག་མའི་གསར་གཏོད་རང་བཞིན་གྱི་དོན་སྤྱི་གདམ་གསེས་བྱས་ཏེ་རང་རྒྱལ་གྱི་འགྲོ་བ་མིའི་ཐོབ་ཐང་གི་རིག་ཚན་མ་ལག་དང་། རིག་གཞུང་མ་ལག། སྐད་བརྡའི་མ་ལག་བཅས་འཕེལ་རྒྱས་གཏོང་དགོས། དྲུག་ནས་འགྲོ་བ་མིའི་ཐོབ་ཐང་གི་རིག་མཛོད་དང་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་རྟེན་གཞི་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་རིགས་པའི་གཞུང་ལུགས་རྨང་གཞི་བརྟན་པ་དང་། རིག་གཞུང་ལ་བྱང་ཆུབ་པ། རྒྱལ་སྤྱིའི་སྒྲིག་སྲོལ་ལ་རྒྱུས་མངའ་ཡོད་པ། ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་གི་གཏམ་རྒྱུད་ཤོད་ཤེས་པ་བཅས་ཀྱི་རྩེར་སོན་གྱི་འགྲོ་བ་མིའི་ཐོབ་ཐང་གི་ཆེད་མཁས་པ་ཁག་ཅིག་ནུས་ཤུགས་ཡོད་རྒུས་གསོ་སྐྱོང་བྱེད་དགོས།


 ——“གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས།” སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེངས་མང་ནན་གསུང་གནང་དོན། ཀྲུང་གོའི་མི་དམངས་ཀྱིས་རྒྱལ་ཁབ་ཁག་གི་མི་དམངས་དང་མཉམ་དུ་ཞི་བདེ་དང་། འཕེལ་རྒྱས། དྲང་གཞག། དྲང་བདེན། དམངས་གཙོ། རང་དབང་བཅས་ཀྱི་མིའི་རིགས་ཀྱི་ཐུན་མོང་རིན་ཐང་རྒྱུན་འཁྱོངས་ཀྱིས་མིའི་ལ་རྒྱ་དང་ཁེ་དབང་སྲུང་སྐྱོང་བྱས་ནས་དེ་བས་དྲང་གཞག་དང་། ལུགས་མཐུན། ཁོང་ཡངས་བཅས་ཀྱི་གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་ལ་སྐུལ་འདེད་བཏང་སྟེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་ཐུན་མོང་ཐོག་བསྐྲུན་ནས་འཛམ་གླིང་གི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་འདོད་ཡོད། གསུང་བཤད་གལ་ཆེན་འདིའི་ནང་ཕྱོགས་གསུམ་གྱི་ཐད་ནས་སྤྱི་ཁྱབ་ཧྲུའུ་ཅིས་བླང་བྱ་བཏོན་གནང་བ་སྟེ། གཅིག་ནི་མིའི་རིགས་ཀྱི་ཐུན་མོང་རིན་ཐང་དར་སྤེལ་བཏང་སྟེ་འདྲ་མཉམ་དང་། ཕན་ཚུན་ཡིད་ཆེས། ཁོང་ཡངས་དང་ཕན་ཚུན་དཔྱད་གཞིར་འཛིན་པ། མཉམ་ལས་གཉིས་ཕན། ཐུན་མོང་ཐོག་འཕེལ་རྒྱས་བཅས་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ནས་གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་བྱ་རྒྱུ་དེ་དེ་བས་དྲང་བདེན་དང་། དྲང་སྙོམ། ལུགས་མཐུན། ཁོང་ཡངས་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། གཉིས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལས་དོན་ནང་ཧུར་ཐག་གིས་ཞུགས་ཏེ། རྒྱལ་ཁབ་ཁག་དང་ལྷག་པར་དུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་ཕན་ཚུན་དབར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་སྤེལ་རེས་མཉམ་ལས་རྒྱ་ཁྱབ་ངང་བྱས་ནས་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་དགོས། གསུམ་ནས་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ལྷན་ཚོགས་དང་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་སོགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་འགྲོ་བ་མིའི་ཐོབ་ཐང་སྒྲིག་གཞིར་ཤུགས་རྐྱེན་བཟོ་ཤུགས་ཆེ་རུ་གཏོང་དགོས།


 ——“རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་འཐབ་རྩོད་ཧུར་ཐག་གིས་སྤེལ་དགོས།” འགྲོ་བ་མིའི་ཐོབ་ཐང་ནི་ལོ་རྒྱུས་དང་། བྱེ་བྲག། དོན་དངོས་བཅས་ཡིན་པས། རྒྱལ་ཁབ་མི་འདྲ་བའི་སྤྱི་ཚོགས་ཀྱི་ཆབ་སྲིད་ཆ་རྐྱེན་དང་ལོ་རྒྱུས་རིག་གནས་ཀྱི་སྲོལ་རྒྱུན་དང་ཁ་བྲལ་ནས་འགྲོ་བ་མིའི་ཐོབ་ཐང་སྟོང་བཤད་བྱེད་མི་རུང་། རྒྱལ་ཁབ་གཅིག་ལ་འགྲོ་བ་མིའི་ཐོབ་ཐང་ཡོད་མེད་ལ་གདེང་འཇོག་


 བྱེད་སྐབས་རྒྱལ་ཁབ་གཞན་དག་གི་ཚད་གཞིའི་ཐོག་ནས་ཚད་འཇལ་བྱེད་མི་རུང་ལ། ཚད་གཞི་ཉིས་བརྩེགས་དེ་བས་ཀྱང་འཛིན་མི་རུང་བ་དང་། མིའི་ཐོབ་ཐང་དེ་རྒྱལ་ཁབ་གཞན་དག་གི་ནང་སྲིད་ལ་ཐེ་གཏོགས་བྱེད་པའི་ཆབ་སྲིད་ཀྱི་ལག་ཆར་དེ་བས་ཀྱང་བརྩི་མི་རུང་། ཉེ་བའི་ལོ་ཤས་རིང་། ནུབ་ཕྱོགས་རྒྱལ་ཁབ་ཁ་ཤས་སུ་རང་ངོས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཉིན་བཞིན་འབུར་དུ་ཐོན་བཞིན་ཡོད་མོད། འོན་ཀྱང་“འཛམ་གླིང་ཀུན་ཏུ་འཕྲོད་པའི་འགྲོ་བ་མིའི་ཐོབ་ཐང་”ཞེས་པ་དང་“འགྲོ་བ་མིའི་ཐོབ་ཐང་ནི་བདག་དབང་ལས་མཐོ་བ་”ཞེས་པ་སོགས་ཀྱི་དར་ཆ་བསྒྲེངས་ཏེ། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་བེད་སྤྱད་དེ་རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་གཏོགས་ཤུགས་ཆེན་བྱས་པས། རྒྱལ་ཁབ་ཁ་ཤས་སུ་དམག་འཁྲུག་གི་ཟིང་ཆ་ཡང་ཡང་ལངས་པ་དང་། སྤྱི་ཚོགས་ཡུན་རིང་ཟང་ཟིང་ཆེ་བ། མི་དམངས་ཡུལ་གྱར་བྱུང་བ་བཅས་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དར་ཆ་གསལ་བསྒྲེངས་ཀྱི་སྒོ་ནས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་རྒྱལ་ཁབ་གཞན་ལ་རྫིག་ཉམས་སྟོན་མི་དགོས་ལ། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཆབ་སྲིད་ཅན་དང་ཡོ་བྱད་ཅན་དུ་འགྱུར་ནས་ཚད་གཞི་གཉིས་བཟོས་ཏེ། འགྲོ་བ་མིའི་ཐོབ་ཐང་ལ་ཁ་གཡར་ནས་རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་གཏོགས་དེ་བས་བྱེད་མི་རུང་ཞེས་བསྟན་ཡོད། གསུང་བཤད་གལ་ཆེན་འདིའི་ནང་དུ་སྤྱི་ཁྱབ་ཧྲུའུ་ཅིས་བླང་བྱ་བཞི་བཏོན་པ་སྟེ། གཅིག་ནི་འཐབ་ཇུས་ཀྱི་རང་དབང་ཁོང་དུ་ཆུད་པ་བྱེད་དགོས། གཉིས་ནི་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་གི་གཏམ་རྒྱུད་ནུས་ཤུགས་ཡོད་རྒུས་ཤོད་པ་དང་གཟུགས་སུ་བཀོད་པ་དང་ཞིབ་ཕྲ་ཅན་གྱི་མཚོན་ཐབས་སྤྱད་དེ་དེང་རབས་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ལྟ་བའི་ཡིད་དབང་འཕྲོག་ཤུགས་དང་། ཡིད་སེམས་འགུག་ནུས། ཤུགས་རྐྱེན་ཐེབས་ཤུགས་བཅས་ཆེ་རུ་གཏོང་དགོས། གསུམ་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཐུན་མོང་ངོས་འཛིན་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་གཅིག་ཏུ་འགྲིལ་བ་བྱས་ནས་འགྲོ་བ་མིའི་ཐོབ་ཐང་གི་བདེན་པའི་མཐོ་གནོན་བཙན་ས་བཟུང་དགོས། བཞི་ནི་ཕྱི་རྒྱལ་གྱི་ཀྲུང་གོའི་ཁེ་ལས་ཀྱིས་འགྲོ་བ་མིའི་ཐོབ་ཐང་གི་འདུ་ཤེས་དང་གདེང་ཚོད་ཆེ་རུ་གཏོང་རྒྱུར་མཛུབ་སྟོན་བྱས་ནས་ནུབ་ཕྱོགས་རྒྱལ་ཁབ་ཁག་ཅིག་གིས་ཇུས་འགོད་བྱས་པའི་འགྲོ་བ་མིའི་ཐོབ་ཐང་གི་ཞུ་གཏུག་རྙོག་དྲ་ཅན་ལ་ཁ་གཏད་ནུས་ལྡན་འཇལ་དགོས།


 དུས་རབས་འཕེལ་རྒྱས་འགྲོ་བཞིན་ཡོད་པ་དང་འགྲོ་བ་མིའི་ཐོབ་ཐང་ཡང་ཡར་རྒྱས་འགྲོ་བཞིན་ཡོད། ཀྲུང་གོས་རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ཀྱི་ལམ་བུ་ཞིག་བསྐྲུན་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་སྟོན་འོག་ཀྲུང་གོའི་མི་དམངས་ཀྱིས་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་གི་ལེའུ་གསར་པ་ཟམ་མི་འཆད་པར་བརྩམས་ནས་མིའི་རིགས་ཀྱི་ཤེས་དཔལ་སྣ་མང་ཅན་དུ་ཕུན་སུམ་ཚོགས་སུ་གཏོང་བ་དང་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་ངེས་ཡིན།


 རྟ་མགྲིན་སྐྱབས་ཀྱིས་བསྒྱུར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1